ཀྲུང་གུང་བདེ་ཆེན་ཁུལ་ཨུའི་བོད་ཁུལ་ལས་དོན་མཐོན་སྦྱོར་འགོ་ཁྲིད་ཚོ་ཆུང་གིས་དར་ལྕོག་བཙུགས་པར་ཚད་ལྡན་དུ་གཙང་བཤེར་བྱེད་པའི་བརྡ་ཐོ་བཏང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས་22ཉིན།  ཀྲུང་གུང་བདེ་ཆེན་ཁུལ་ཨུའི་བོད་ཁུལ་ལས་དོན་མཐོན་སྦྱོར་འགོ་ཁྲིད་ཚོ་ཆུང་གིས་དར་ལྕོག་བཙུགས་པར་ཚད་ལྡན་དུ་གཙང་བཤེར་བྱེད་པའི་བརྡ་ཐོ་བཏང་སྟེ།  ཆོས་དད་མང་ཚོགས་ཀྱིས་གང་འདོད་ལྟར་དར་ལྕོག་བཙུགས་ནས་མེ་སྐྱོན་འབྱུང་བའི་རྐྱེན་ངན་དང་།  སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པ།   འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་བྱུང་བ་སོགས་ཀྱི་གནད་དོན་ཐག་བཅོད་བྱེད་པར་དམིགས་ནས་ཕྱོགས་ཡོངས་ནས་དར་ལྕོག་བཙུགས་པར་ཚད་ལྡན་དུ་གཙང་བཤེར་བྱེད་པར་བཀོད་སྒྲིག་བྱས་པ་རེད།

        བརྡ་ཐོ་ལས་བསྟན་དོན།  ཉེ་བའི་ལོ་འགའི་རིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་དར་འཕེལ་དང་ཆོས་དད་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་དུ་འཕར་བ་དང་བསྟུན་ནས།  གང་འདོད་ལྟར་དར་ལྕོག་བཙུགས་པའི་གནད་དོན་ཉིན་རེ་བཞིན་ཚབས་ཆེན་དུ་སོང་ཡོད་པ་དང་།  དར་ལྕོག་དང་དེའི་རིགས་ཀྱི་པར་རྒྱབ་དངོས་པོ་སྣ་མང་སྣ་ཚོགས་བྱུང་བས།   རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཏེ།  ནགས་ཚལ་མེ་སྐྱོན་དང་འགྲིམ་འགྲུལ་བདེ་འཇགས་སོགས་ལ་རྐྱེན་ངན་བྱུང་ཡོད་པ་དང་རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལ་གཏོར་བརླག་བྱེད་ཡོད་པ་རེད།  འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ཨུ་ལྷན་སོགས་སྡེ་ཚན་གྱིས་ཆོས་དད་མང་ཚོགས་ལ་ཟབ་འཇུག་བྱས་ཏེ་བརྟག་དཔྱད་བྱས་པ་དང་།  ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བཞུགས་མོལ་བྱས་ཏེ་ཞིབ་འཇུག་བྱས་ནས།  གཙང་བཤེར་དང་བཅོས་སྒྲིག  ཚད་ལྡན་དུ་བཙུགས་པ་དང་དར་ལྕོག་ནང་དོན་གཅིག་འགྱུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གནད་དོན་དེ་ཐག་གཅོད་བྱ་རྒྱུ།  དར་ལྕོག་གི་ནང་དོན་ལ་རླུང་རྟ་དང་རྒྱལ་མཚན་སྤུང་རྒྱན།   རླུང་སྐྱེས་བཅས་གསུམ་ལས་གཞན་བཙུགས་མི་ཆོག


        བརྡ་ཐོ་ལས་བསྟན་དོན། དར་ལྕོག་བཙུགས་པར་ཚད་ལྡན་དུ་གཙང་བཤེར་བྱེད་པའི་ལས་དོན་དེ་དུས་རིམ་གསུམ་དུ་དབྱེ་རྒྱུ་ཡིན་ཏེ། དུས་རིམ་དང་པོ་ནི་ཟླ5པའི་ཚེས་23ཉིན་ནས་ཟླ6པའི་ཚེས་1ཉིན་གྱི་བར་ཡིན་ལ།  རྫོང་དང་གྲོང་ཁྱེར་སོ་སོས་ཚོགས་འདུ་འཚོགས་པ་དང་ཡིག་ཆ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དར་ལྕོག་བཙུགས་བར་ཚད་ལྡན་དུ་གཙང་བཤེར་ལས་དོན་གྱི་གལ་ཆེན་རང་བཞིན་གསལ་བཤད་བྱེད་དགོས།  

        ཟླ6པའི་ཚེས་2ཉིན་ནས་ཟླ་6པའི་ཚེས་17ཉིན་གྱི་བར་དུ་རྫོང་དང་གྲོང་ཁྱེར་ཁག་དང་།  ཤང་དང་གྲོང་རྡལ་སོ་སོས་གློག་ཀ་དང་གཞུང་ལམ།    ཟམ་པ།  ཡུལ་སྐོར་ལྗོངས་ཁུལ་སོགས་ཀྱི་སྤྱི་པའི་ས་ཁོངས་སུ་གང་འདོད་ལྟར་དར་ལྕོག་བཙུགས་པ་ལ་གཅིག་བསྡུས་ཀྱིས་གཙང་བཤེར་བྱ་རྒྱུ་ཡིན་པ་དང་།  སྤྱི་བདེ་དང་རིག་གནས་སོགས་འབྲེལ་ཡོད་སྡེ་ཚན་གྱི་མཉམ་འདྲེས་ལས་ཀའི་ཚོ་ཆུང་སྒྲུབ་ནས་མངའ་ཁོངས་ནང་བཙོང་ཡོད་པ་དང་པར་རྒྱབ་ཡོད་པའི་ཚད་ལྡན་གྱི་རིགས་ལས་གཞན་པའི་དར་ལྕོག་ལ་གཙང་བཤེར་བྱ་རྒྱུ།  


        ཟླ6པའི་ཚེས་18ཉིན་ནས་ཟླ་6པའི་ཚེས་28ཉིན་གྱི་བར་དུ།  རྫོང་དང་གྲོང་ཁྱེར་ཨུ་ལྷན་ཁག་གིས་སྣེ་ཁྲིད་བྱེད་དེ་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་གྲོང་སྡེ་སོགས་སུ་གཅིག་འགྱུར་གྱིས་དར་ལྕོག་བཙུགས་ས་གཏན་འཁེལ་བྱེད་པ་དང་དེ་ལས་གཞན་པའི་ཡུལ་སུ་དར་ལྕོག་བཙུགས་མི་ཆོག  རིག་གནས་དང་བཟོ་ཚོང་སོགས་སྡེ་ཚན་གྱིས་མངའ་ཁོངས་ནང་གི་དར་ལྕོག་དང་ཆོས་ལུགས་ཟོག་དངོས་འཚོང་ས་ཀུན་དང་འགན་འཁྲི་ཆོད་ཡིག་འཇོག་དགོས་ཏེ།   ཚད་ལྡན་གྱི་རིགས་ལས་གཞན་པའི་དར་ལྕོག་བཙོང་མི་ཆོག་པ་དང་།  གལ་སྲིད་གཏན་འབེབས་བྱས་པ་དང་འགལ་ན་ཁྲིམས་ལྟར་ཆད་གཅོད་བྱ་རྒྱུ་ཡིན།