ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་སྐོར་གླེང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-28   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།


༢༠༡༦ལོའི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཚོགས་ཆེན།

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཚན་རྩལ་དར་ན་མི་རིགས་དར་བ་དང་།ཚན་རྩལ་སྟོབས་ལྡན་ཆགས་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་དེ་རྒྱལ་ཁབ་ཁྱོན་ཡོངས་གོང་འཕེལ་གྱི་ལྟེ་བའི་གནས་བབ་ཐོག་བཞག་གནང་ཡོད།ཁོང་གིས།ཚན་རྩལ་གསར་གཏོད་ནི་ལྟེ་བ་ཡིན་ཞིང་། ཚན་རྩལ་གསར་གཏོད་དམ་པོར་འཛིན་ཐུབ་ན་རང་རྒྱལ་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་སྣ་གཅུ་འཛིན་ཐུབ་ཅེས་གནད་ལ་འཕིགས་པའི་སྒོ་ནས་ཆོད་སྡོམ་གལ་ཆེན་གནང་ཡོད།

སྤྱི་ལོ་༢༠༡༢ལོའི་ཟླ་༡༢པའི་ཚེས་ཤར་ལ།སྤྱི་ཁྱབ་ཧྲུའུ་ཅིའི་འགན་གནས་བཞེས་རྗེས་པེ་ཅིན་ལས་ཞལ་གྱེས་ཏེ་རྟོག་ཞིབ་ཐེངས་དང་པོ་གནང་སྐབས།ཞི་ཅིན་ཕིང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཏོན་གནང་ཡོད་པ་དང་།དེའི་ནང་ཚན་རྩལ་གསར་གཏོད་དེ་ཁྱབ་ཁོངས་མང་པོའི་ནང་ནས་མདུན་གྲལ་དུ་བཞག་ཡོད་པ་རེད།ཁོང་གིས།ང་ཚོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་།གསར་གཏོད་སྒྲིག་གཞི་གང་མགྱོགས་འཐུས་ཚང་དུ་བཏང་ནས།ཁྱོན་ཡོངས་ནས་ཚན་རྩལ་གསར་གཏོད་དང་།ཁེ་ལས་གསར་གཏོད།ཐོན་ལས་གསར་གཏོད།ཁྲོམ་ར་གསར་གཏོད།ཚོང་རྟགས་གྲགས་ཅན་གསར་གཏོད་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

        སྤྱི་ལོ་༢༠༡༤ལོའི་ཟླ་༦པར། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར།ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།སྟོབས་ཆེའི་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དེ་ང་ཚོར་དེ་སྔོན་གྱི་དུས་གང་རུང་ཞིག་ལས་ཀྱང་དགོས་གལ་ཆེ་བར་གྱུར་ཡོད།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར།ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་ཐབས་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་བསྟར་བྱེད་དགོས་པ་དང་།བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ལྡན་གྱི་འགྲོ་ལམ་ཐོག་སྐྱོད་དགོས་ཞེས་གསུངས་པ་དང་།ཁོང་གིས།ཚན་རྩལ་གསར་གཏོད་ཀྱི་འཕེལ་ཕྱོགས་གསར་པའི་མདུན་དུ།ངེས་པར་དུ་གདོང་བསུས་ནས་རྗེས་སུ་བསྙེག་པ་དང་།མགྱོགས་མྱུར་རྗེས་ཟིན་ཐབས་བྱེད་པ།དེ་ལས་བརྒལ་ཐུབ་པའི་བརྩོན་ལེན་བཅས་བྱེད་དགོས།ང་ཚོར་ཚན་རྩལ་ཡར་ཐོན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་གོ་སྐབས་གལ་ཆེན་ཞིག་འཕྲད་ཡོད་པས།ངེས་པར་དུ་གོ་སྐབས་དམ་འཛིན་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

        ཐེངས་འདིའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅིས་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ཐོག་ནས།རང་རྒྱལ་གྱི་ཚན་རྩལ་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།ཁོང་གིས།རང་རྒྱལ་ཚན་རྩལ་གོང་འཕེལ་གྱི་ཁ་ཕྱོགས་ནི་གསར་གཏོད་དང་།གསར་གཏོད།ཡང་དུ་གསར་གཏོད་བཅས་ཡིན།གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བྱེད་པའི་ཆེས་རྩ་བ་ནི་རང་བདག་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན།བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རང་བདག་གསར་གཏོད་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས་པ་དང་།རང་བདག་གསར་གཏོད་དང་། གཙོ་གནད་མཆོང་བརྒལ།འཕེལ་རྒྱས་ལ་འདེགས་སྐྱོར།འབྱུང་འགྱུར་ལ་སྣེ་ཁྲིད་ཐུབ་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས།གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

        ལོ་གཉིས་སོང་རྗེས་ཀྱི་སྤྱི་ལོ་༢༠༡༦ལོར།ད་ག་ནང་བཞིན་མི་དམངས་ཚོགས་ཁང་ཆེན་མོར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་།ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན།ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་བཅས་ཀྱི་ཐོག་འགོ་བརྗོད་དུ་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གལ་ཆེའི་གསུང་བཤད་གནང་ནས།རང་རྒྱལ་འདི་ཉིད་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དུས་ཚོད་རེའུ་མིག་གསལ་པོ་བཟོས་པ་དང་།མདུན་སྐྱོད་དུང་བརྡ་བསྒྲགས་གནང་ཡོད།ཁོང་གིས།སྤྱི་ལོ་༢༠༢༠ལོར་སླེབས་དུས་རང་རྒྱལ་འདི་ཉིད་་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་གྲལ་སྟར་ནང་བསྐྱོད་ཐུབ་པ་བྱེད་པ་དང་།སྤྱི་ལོ་༢༠༣༠ལོར་སླེབས་དུས་རང་རྒྱལ་འདི་ཉིད་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་པ།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་རང་རྒྱལ་འདི་ཉིད་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད།

        ཀྲུང་གོ་སྟོབས་ཆེར་འགྲོ་བ་བྱེད་པ་དང་།ཀྲུང་གོའི་མི་དམངས་ཀྱི་འཚོ་བ་ལེགས་པོ་ཡོང་བ་བྱ་དགོས་ན་ངེས་པར་དུ་སྟོབས་ཆེ་བའི་ཚན་རྩལ་དགོས།ཚོགས་འདུའི་ཐོགསྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་གསར་གཏོད་ནི་ལྟེ་བ་ཡིན་པ་དང་། ཚན་རྩལ་གསར་གཏོད་དམ་པོར་འཛིན་ཐུབ་ན་རང་རྒྱལ་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་སྣ་གཅུ་འཛིན་ཐུབ་ཅེས་པའི་ཆོད་སྡོམ་གལ་ཆེན་གནང་ཡོད།ད་ཆ་རང་རྒྱལ་གྱི་མ་གནས་དམའ་བའི་ཐོན་ཁུངས་དང་རྒྱུ་ཆ་བཏང་བ་ལས་གྲུབ་པའི་འགུལ་ནུས་མངོན་གསལ་དོད་པོས་ཤུགས་ཆུང་དུ་ཕྱིན་པས།དེ་བས་མང་བ་དང་ལེགས་པའི་ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་གོང་འཕེལ་ལ་འགུལ་ཤུགས་གསར་སྣོན་བྱ་དགོས།སྤྱི་ཚོགས་གོང་འཕེལ་ཐད་མི་འབོར་རྒན་རྒོན་ཅན་དུ་འགྱུར་བ་དང་།དབུལ་ཕོངས་སེལ་རྒྱུ།མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་སོགས་ཕྱོགས་མང་པོའི་འགྲན་རྩོད་འཕྲད་ཡོད་པས།དེ་བས་མང་བ་དང་ལེགས་པའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བ་བྱ་དགོས།འབྱུང་ཁམས་ཤེས་དཔལ་གོང་འཕེལ་ལ་ཉིན་བཞིན་ཚབས་ཆེར་འགྲོ་བའི་ཁོར་ཡུག་འབག་བཙོག་གི་ཉེན་ཁ་འཕྲད་པས།དེ་བས་མང་བ་དང་ལེགས་པའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་གནམ་སྔོ་ས་ལྗང་ཆུ་དྭངས་ཀྱི་མཛེས་པའི་ཀྲུང་གོ་བསྐྲུན་དགོས།ནུས་རྒྱུའི་བདེ་འཇགས་དང་། འབྲུ་རིགས་བདེ་འཇགས། དྲ་སྦྲེལ་བདེ་འཇགས། འབྱུང་ཁམས་བདེ་འཇགས།སྐྱེ་དངོས་བདེ་འཇགས།རྒྱལ་སྲུང་བདེ་འཇགས་སོགས་ཀྱི་ཉེན་ཁ་དང་གནོན་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པས།དེ་བས་མང་བ་དང་ལེགས་པའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱ་དགོས་ཞེས་བསྟན་ཡོད།

        གསར་གཏོད་ཀྱི་བྱ་གཞག་གིས་གསར་གཏོད་ཀྱི་ཤེས་ལྡན་མི་སྣར་རེ་འབོད་བྱེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།རང་རྒྱལ་གྱི་ཚན་རྩལ་གསར་གཏོད་དཔུང་ཁག་གི་གཞི་ཁྱོན་ནི་འཛམ་གླིང་ཐོག་ཆེ་ཤོས་ཡིན་ཞིང་།སྣེ་རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་གསོན་ཤུགས་དང་ལྐོག་ཤུགས་འདོན་སྤེལ་བྱ་དགོས་ཞེས་བསྟན་འདུགཁོང་གིས་ཚན་རྩལ་ལས་དོན་པ་རྣམས་ནས།དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ཐོག་འབྲི་བ་དང་།ཚན་རྩལ་གྱི་གྲུབ་འབྲས་དེང་རབས་ཅན་གྱི་བྱ་གཞག་རླབས་པོ་ཆེའི་ཐོག་བེད་སྤྱོད་གཏོང་དགོས།ཤེས་ལྡན་མི་སྣའི་འཇོན་ནུས་ཤེས་པ་དང་།དེར་གཅེས་པ།དེར་བཀུར་བ།དེ་སྤྱོད་པ་བཅས་ཀྱི་དར་སྲོལ་ཆགས་པ་བྱས་ནས།ཚན་རྩལ་ཤེས་ལྡན་མི་སྣའི་བྱ་གཞག་གོང་འཕེལ་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་།གསར་གཏོད་ཀྱི་ལག་ལེན་ཁྲོད་ཤེས་ལྡན་མི་སྣ་རྙེད་པ་བྱེད་པ་དང་།གསར་གཏོད་ཀྱི་བྱེད་སྒོའི་ཁྲོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།གསར་གཏོད་ཀྱི་བྱ་གཞག་ཁྲོད་ཤེས་ལྡན་མི་སྣ་བསྡུ་རུབ་བྱེད་པ།གནམ་འོག་གི་ཤེས་ལྡན་མི་སྣ་བསྡུ་འགུགས་ཀྱིས།ཁོ་ཚོས་རང་ནུས་ཅི་དགར་འདོན་སྤེལ་བྱེད་དུ་འཇུག་དགོས་ཞེས་གསུངས་འདུག

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོགརང་རྒྱལ་གྱིས་གསར་གཏོད་ཀྱིས་གོང་འཕེལ་གྱི་འགུལ་ཤུགས་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས།གསར་གཏོད་རྣམ་པ་ཅན་གྱི་རྒྱལ་ཁབ་འཛུགས་བསྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་།ལྷ་ཡི་ཕོ་བྲང་རྟགས་ཅན་དང་།ཀླུ་མོ་རྟགས་ཅན། གནམ་མིག་རྟགས་ཅན། ཝུ་ཁུང་རྟགས་ཅན། མོ་ཙེ་རྟགས་ཅན།གནམ་གྲུ་ཆེན་མོ་སོགས་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་པ་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོགགསར་གཏོད་རང་བཞིན་གྱི་རྒྱལ་ཁབ་འཛུགས་བསྐྲུན་མགྱོགས་སུ་གཏོང་དགོས།གསར་གཏོད་ནི་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་འགུལ་ཤུགས་ཨང་དང་པོ་དང་།དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་བསྐྲུན་བྱེད་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་རེད།འཛམ་གླིང་ཚན་རྩལ་གྱི་མདུན་སར་དམིགས་ནས་རྨང་གཞིའི་ཞིབ་འཇུག་ཤུགས་ཆེར་གཏོང་བ་དང་།སྔོན་མཐོང་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་།སྣེ་ཁྲིད་རང་བཞིན་གྱི་ཐོག་མའི་གསར་གཏོད་གྲུབ་འབྲས་ཐད་གལ་ཆེའི་འགག་གཏོར་ཐུབ་པ་བྱ་དགོས་ཞེས་བསྟན་ཡོད།