མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-07   རྩོམ་ཁུངས།    མི་དམངས་དྲ་བ།

 


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོ་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ང་ཚོས་མར་ཁེ་སི་ལ་དྲན་གསོ་ཞུ་བ་ནི། མིའི་རིགས་ཀྱི་ལོ་རྒྱུས་ཐོག་རླབས་ཆེ་ཤོས་ཀྱི་བསམ་བློ་མཁས་པར་གུས་འདུད་ཞུ་བ་ཞིག་ཡིན་ལ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་ལ་དད་སེམས་བརྟན་པོ་འཆང་བ་གསལ་པོར་བཤད་པ་ཞིག་ཀྱང་རེད། མར་ཁེ་སི་རིང་ལུགས་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་མཛུབ་ཁྲིད་བསམ་བློ་ཡིན་པ་དང་། ང་ཚོས་འཇིག་རྟེན་ངོས་འཛིན་དང་། ཆོས་ཉིད་ཁོང་དུ་ཆུད་པ། བདེན་དོན་འཚོལ་ཞིབ། འཛམ་གླིང་སྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་རེད། དུས་རབས་གསར་པར། ཀྲུང་གོའི་གུང་ཁྲན་ཏང་མིས་སྔར་བཞིན་མར་ཁེ་སིར་སློབ་སྦྱོང་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་ལེན་བསྟར་དགོས་པ། མར་ཁེ་སི་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་བཅས་བྱས་ཏེ། དེ་ནས་ཚན་རིག་དང་མཐུན་པའི་བློ་གྲོས་དང་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་བླངས་ནས། ངེས་ཤུགས་སྔར་བས་ཆེ་བ་དང་། གདེང་ཚོད་སྔར་བས་ཆེ་བ། བློ་གྲོས་སྔར་བས་ལྡན་པ་བཅས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། མར་ཁེ་སི་དང་ཨེན་ཀེ་སིས་བསམ་གཞིག་གནང་བའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་ཀྲུང་གོའི་ས་གཞི་ཆེ་མོར་གསོན་ཉམས་ལྡན་པའི་སྒོ་ནས་ཟམ་མི་ཆད་པར་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་མར་ཁེ་སི་ནི་འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་གསར་བརྗེའི་སློབ་དཔོན་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་གཏོད་གནང་མཁན་གཙོ་བོ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྲོལ་གཏོད་པ་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་གསར་གཏོད་པ། ཉེ་རབས་ཚུན་དུ་རླབས་ཆེ་ཤོས་ཀྱི་བསམ་བློ་མཁས་ཅན་བཅས་རེད། མར་ཁེ་སིའི་སྐུ་ཚེ་ཧྲིལ་པོ་ནི་བླ་ན་མེད་པའི་ཕུགས་བསམ་སེམས་ལ་བཅངས་པ་དང་མིའི་རིགས་ཀྱི་བཅིངས་འགྲོལ་ལ་འབད་འཐབ་ལྷོད་མེད་གནང་བའི་སྐུ་ཚེ་དང་། དཀའ་ཉེན་ལ་མི་སྐྲག་པ་དང་བདེན་དོན་བརྩོན་ལེན་བྱ་ཆེད་བསམ་བློའི་ཡང་རྩེར་འཛེགས་པའི་སྐུ་ཚེ། འཛམ་གླིང་རྙིང་པ་མགོ་རྟིང་སློག་པ་དང་འཛམ་གླིང་གསར་པ་འཛུགས་ཆེད་འཐབ་འཛིང་ལྷོད་མེད་གནང་བའི་སྐུ་ཚེ་ཧྲིལ་པོ་ཞིག་རེད་ཅེས་གསུངས།
         ཞི་ཅིན་ཕིང་གིས་མར་ཁེ་སིས་ང་ཚོར་རིན་ཐང་ཆེ་ཤོས་ལྡན་པ་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་བསམ་པའི་རྒྱུ་ནོར་བཞག་གནང་ཡོད། དེ་ནི་ཁོང་གི་མཚན་ནས་མིང་བཏགས་པའི་ཚན་རིག་གི་རིགས་པའི་གཞུང་ལུགས་ཏེ། མར་ཁེ་སི་རིང་ལུགས་རེད། རིགས་པའི་གཞུང་ལུགས་དེ་ནི་བརྗིད་ཆགས་ཉམས་དགའ་བའི་ཉི་གཞོན་དང་འདྲ་བར་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་ཞིབ་དང་རང་ངོས་བཅིངས་འགྲོལ་གཏོང་བའི་ལམ་བུ་འཚོལ་བའི་མུན་པ་གསལ་བར་བྱས་ཡོད། མར་ཁེ་སིའི་དགོངས་པའི་རིགས་པའི་གཞུང་ལུགས་ནི་དུས་རབས་དེ་ལས་བྱུང་བ་ཞིག་ཡིན་ལ། དུས་རབས་དེ་ལས་བརྒལ་བ་ཞིག་ཀྱང་ཡིན་པ་དང་། དུས་རབས་དེའི་བསམ་པའི་སྙིང་བཅུད་ཡིན་ལ། མིའི་རིགས་ཧྲིལ་པོའི་བསམ་པའི་སྙིང་བཅུད་ཀྱང་རེད། མར་ཁེ་སི་རིང་ལུགས་ནི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་ཞིང་། གསར་གཏོད་རང་བཞིན་གྱི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བསྟན་ཡོད། མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན་ཞིང་། མི་དམངས་ཀྱིས་རང་ངོས་བཅིངས་འགྲོལ་གཏོང་བའི་བསམ་བློའི་མ་ལག་ཐོག་མར་གསར་གཏོད་གནང་བ་ཞིག་རེད། མར་ཁེ་སི་རིང་ལུགས་ནི་ལག་ལེན་གྱི་གཞུང་ལུགས་ཤིག་ཡིན་ཞིང་། དེས་མི་དམངས་ལ་འཛམ་གླིང་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་ཁྲིད་སྟོན་བྱེད་ཀྱི་ཡོད། མར་ཁེ་སི་རིང་ལུགས་ནི་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་སྒོ་འབྱེད་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན་ཞིང་། དེ་སྔ་ཕྱི་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་གནས་ཡོད། མར་ཁེ་སི་རིང་ལུགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ནི་མར་ཁེ་སི་དང་ཨེན་ཀེ་སི། དེ་བཞིན་ཁོང་རྣམ་པའི་རྗེས་འབྲང་བ་ཚོས་དུས་རབས་དང་། ལག་ལེན། ཤེས་ཚོར་གོང་ནས་གོང་དུ་འཕེལ་བའི་ལོ་རྒྱུས་ལ་གཞིགས་ནས་འཕེལ་རྒྱས་བཏང་བའི་ལོ་རྒྱུས་ཤིག་ཡིན་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཕུལ་བྱུང་གི་བསམ་བློའི་རིག་གནས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བླངས་ནས་རང་ངོས་ཕུན་སུམ་ཚོགས་སུ་གཏོང་བའི་ལོ་རྒྱུས་ཤིག་རེད། དེར་བརྟེན་མར་ཁེ་སི་རིང་ལུགས་ཀྱིས་ནམ་ཡང་དེའི་ངོ་མཚར་གྱི་གསོན་ཤུགས་རྒྱུན་འཁྱོངས་བྱས་ནས། དུས་རབས་གོང་འཕེལ་ལས་བྱུང་བའི་བརྗོད་གཞི་གསར་པ་འཚོལ་ཞིབ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་འགྲན་སློང་གསར་པར་ལན་རྒྱག་ཐུབ་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》སྤེལ་ནས་ལོ་170ཡི་རིང་། འཛམ་གླིང་ཡོངས་སུ་མར་ཁེ་སི་རིང་ལུགས་རྒྱ་ཁྱབ་ངང་ཁྱབ་སྤེལ་ཐུབ་ཡོད། མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ཐོག མར་ཁེ་སི་རིང་ལུགས་དང་འདྲ་བར་མིའི་རིགས་ལ་འདི་ལྟ་བུའི་ཤུགས་རྐྱེན་ཆེན་པོ་དང་གཏིང་ཟབ་པའི་བསམ་བློའི་རིགས་པའི་གཞུང་ལུགས་ཤིག་ཐོན་མྱོང་མེད། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་དར་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ཅིང་། ད་ལྟའི་དུས་སུའང་རྒྱལ་སྤྱིའི་ཤུགས་རྐྱེན་གལ་ཆེན་ལྡན་པའི་བསམ་བློའི་མ་ལག་དང་གཏམ་བརྗོད་ཀྱི་མ་ལག་ཅིག་ཡིན་པ་དང་། མར་ཁེ་སི་ཉིད་ད་ལྟའི་དུས་སུ་ཡང་ལོ་ངོ་སྟོང་གི་བསམ་བློ་མཁས་ཅན་ཞིག་ཡིན་པ་ཡོངས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས།
        ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱིས་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་མ་ཟད། ཀྲུང་གོར་ཡང་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ལག་ལེན་དངོས་ལས་ར་འཕྲོད་བྱུང་བར། མར་ཁེ་སི་རིང་ལུགས་ཀྱི་ལས་དབང་དེ་སྔ་ས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལས་དབང་དང་། ཀྲུང་གོའི་མི་དམངས་ཀྱི་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བཅས་དང་དམ་པོར་སྦྲེལ་ཡོད་ཅིང་། དེའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་དེ་ཀྲུང་གོར་བརྟག་བཤེར་གང་ལེགས་བྱུང་བ་དང་། དེའི་མི་དམངས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཀྲུང་གོར་ལག་བསྟར་གང་ལེགས་བྱུང་བ། དེའི་སྒོ་འབྱེད་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ཀྲུང་གོར་གང་ལེགས་མངོན་ཡོད། ལག་ལེན་དངོས་ལས་ད་དུང་ར་འཕྲོད་བྱུང་བར། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་བསམ་བློའི་མཚོན་ཆ་གལ་ཆེན་མཁོ་འདོན་བྱས་ནས་ཤར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཁབ་ཆེ་མོ་སྟེ། ཀྲུང་གོར་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་འབྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་མར་ཁེ་སི་རིང་ལུགས་གདམ་ག་བྱས་པ་དེ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་རང་ཉིད་ཀྱི་དར་ཆར་བྲིས་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ཆོས་ཉིད་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དེ་ནི་རྦད་དེ་ཡང་དག་པ་ཞིག་རེད། མར་ཁེ་སི་ཐུགས་བློ་བདེ་པོ་གནང་ཆོག་པ་ཞིག་ནི། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལམ་ཆེན་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་པ་དང་། མར་ཁེ་སི་རིང་ལུགས་ལ་ཟོལ་མེད་དད་པ་བྱེད་མཁན་དང་ལག་ལེན་མཐའ་ཅིག་ཏུ་བསྟར་མཁན་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་ཆེད་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་མར་ཁེ་སིར་སློབ་སྦྱོང་བྱེད་པར། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་ཆོད་ཉིད་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་གཅིག་གྱུར་དང་། ང་ཚོས་སྒྲུབ་བཞིན་པའི་དོན་དག་དང་གཅིག་གྱུར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། མར་ཁེ་སིར་སློབ་སྦྱོང་བྱེད་པར། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་རྒྱུའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་པ་དང་། མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་ཐུན་མོང་ཐོག་གཏོད་དགོས། མར་ཁེ་སིར་སློབ་སྦྱོང་བྱེད་པར། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་ཕོད་པ་དང་། རང་འགུལ་ངང་ཐོན་སྐྱེད་འབྲེལ་བ་ལེགས་སྒྲིག་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། རང་འགུལ་ངང་སྟེང་གི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་གྱི་རྨང་གཞིའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱེད་པ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་བས་ཆོས་ཉིད་དང་མཐུན་པའི་སྒོ་ནས་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། མར་ཁེ་སིར་སློབ་སྦྱོང་བྱེད་པར། མི་དམངས་དམངས་གཙོའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་མི་དམངས་ཀྱི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཏེ་མི་དམངས་དམངས་གཙོ་དེ་བས་ཕན་འབྲས་ཐོན་པའི་སྒོ་ནས་ལག་བསྟར་བྱེད་དགོས། མར་ཁེ་སིར་སློབ་སྦྱོང་བྱེད་པར། རིག་གནས་འཛུགས་སྐྱོང་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་ཟམ་མི་ཆད་པར་གཏོད་དགོས། མར་ཁེ་སིར་སློབ་སྦྱོང་བྱེད་པར། སྤྱི་ཚོགས་འཛུགས་སྐྱོང་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་རྒྱུན་ཆད་མེད་པར་འགན་ལེན་དང་ལེགས་སུ་གཏོང་བ། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་བཏགས་ཏེ་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་ཆེད་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས། མར་ཁེ་སིར་སློབ་སྦྱོང་བྱེད་པར། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱེད་དགོས། མར་ཁེ་སིར་སློབ་སྦྱོང་བྱེད་པར། འཛམ་གླིང་ལོ་རྒྱུས་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་ནས། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས། གཉིས་ཁེ་གཉིས་ཕན་གྱི་སྒོ་འབྱེད་འཐབ་ཇུས་མཐའ་འཁྱོངས་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཧུར་ཐག་བཏོད་ནས་འཛམ་གླིང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་དགོས་ཞེས་གསུངས།
        ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྲིད་ཏང་ཞིག་རེད། མར་ཁེ་སི་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ཀྱི་སྲོག་རྩ་རེད། ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་ཉིད་དཀའ་བ་དུ་མ་ཁྱད་དུ་བསད་ནས་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་གྱུར་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི། རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ། ཏང་ཡོངས་སུ་གཅིག་གྱུར་གྱི་བསམ་བློ་དང་། འཐབ་འཛིང་འཇོན་ཐང་ཆེན་པོ་བཅས་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱས་པས་རེད། མིག་སྔའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་བ་དང་། འགལ་ཟླ་དང་ཉེན་ཁའི་འགྲན་སློང་མང་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཚོད་བགམ་ཆེ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། ང་ཚོས་ལེགས་ཆ་དང་། རང་འགུལ། མ་འོངས་བཅས་ལས་རྣམ་པར་རྒྱལ་ཕོད་པར་བྱེད་པར་ངེས་པར་དུ་མར་ཁེ་སི་རིང་ལུགས་སྤྱད་དེ་གནད་དོན་དངོས་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཚན་རིག་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགལ་རྐྱེན་ཆེན་པོ་ཁྱད་བསད། འགལ་བ་ཆེན་པོ་སེལ་བ། གནད་དོན་གལ་ཆེན་ཐག་གཅོད་བྱེད་པ་བཅས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མཐོང་རྒྱ་དེ་བས་ཡངས་པ་དང་མིག་རྒྱང་དེ་བས་རིང་པོའི་སྒོ་ནས་འབྱུང་འགྱུར་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་ཁོང་དུ་ཆུད་རྒྱུར་བསམ་གཞིག་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དེ་བས་རང་རྟོགས་དང་དེ་བས་དཀའ་སྤྱད་འབད་འཐབ་ཀྱིས་མར་ཁེ་སི་ལེ་ཉིང་རིང་ལུགས་སློབ་སྦྱོང་དང་། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་གཏིང་ཟབ་དང་། ཡུན་རིང་སློབ་སྦྱོང་། དཀའ་སྤྱད་འབད་འཐབ་ཀྱིས་སློབ་སྦྱོང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་ཚན་རིག་དང་མཐུན་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་དེ་འཛམ་གླིང་ལ་ངོས་འཛིན་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་དངོས་པོའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་ལྟ་ཀློག་དང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་ཤེས་རྟོགས་བྱེད་པ་འཚོ་བའི་གོམས་གཤིས་དང་བསམ་པའི་དོན་གཉེར་ཞིག་ལ་བརྩིས་ནས། གསུང་རབ་ལ་བརྟེན་ནས་སྤྱོད་བཟང་འཛུགས་པ་དང་། བསམ་བློར་བཞུན་བརྡར། བསམ་ཕྱོགས་རིམ་སྤོར། ལག་ལེན་ལ་མཛུབ་ཁྲིད་བཅས་བྱེད་དགོས་ཞེས་གསུངས།