པདྨ་རི་བོའི་ཕུག་ལམ་དང་རྒན་པོ་ཞིག་གི་ཕྱིར་དྲན།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཕ་ཡུལ་འཇོལ་རྫོང་ནས་ཡིན་པའི་ཨ་ཁུ་ཆོས་ལྡན་ལོ་གང་མང་ལྷ་ས་ནས་ཤིང་ཕོར་གྱི་ཚོང་རྒྱབ་ནས་ཡུན་རིང་ཕ་ཡུལ་དུ་ལོག་མ་བྱུང་།ཉིན་འགའི་སྔོན་ལ་ལྷ་ས་ནས་ཕྱིར་རང་ཁྱིམ་དུ་ལོག་སྐབས།ཕ་ཡུལ་གྱི་ལམ་ཐག་དེ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་།ལྷག་པར་དུ་པདྨ་རི་བོའི་ཕུག་ལམ་དེ་མཐོང་རྗེས་སེམས་སུ་བརྗོད་དཀའ་བའི་སྤྲོ་སྣང་སྐྱེས། སྔོན་འཇོལ་རྫོང་ནས་རྒྱལ་ཐང་བར་གྱི་ཉིན་ཞག་གཅིག་གི་ལམ་དེ་ད་ལྟ་དུས་ཚོད་གཉིས་ནས་ཐོན་ཐུབ་པས་དངོས་གནས་སྟབས་བདེ་ཞེས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།


        ཨ་ཁུ་ཆོས་ལྡན་གྱིས་ཕྱིར་དྲན་བྱས་པ་ན།དེ་སྔོན་ལོ་རབས་80ནས་90ཡི་སྐབས་སུ་རླངས་འཁོར་དེ་འདྲ་མེད་པ་དང་།འཇོལ་རྫོང་ནས་རྒྱལ་ཐང་དུ་འགྲོ་སྐབས་ཉིན་ཞག་གཅིག་ལ་འགྲོ་དགོས་ལ།དགོང་མ་གཅིག་ལ་ཀོང་རྩེད་ར་ནས་ཞག་སྡོད་བྱེད་དགོས་ཟེར།ཁོ་ལ་བརྗེད་དཀའ་བའི་དོན་ཞིག་བྱུང་བ་ནི་ལོ་རབས་དགུ་བཅུ་བའི་དགུན་ཁ་ཞིག་ལ་རྒྱལ་ཐང་དུ་དོན་དག་ཞིག་སྒྲུབ་ཏུ་འགྲོ་དགོས་པས་བྲེལ་བྲེལ་ཚུབ་ཚུབ་ཀྱིས་འགྲུལ་སྐྱེལ་རླངས་འཁོར་བསྡད་ནས་ལམ་དུ་ཆས།ལམ་བུར་དུ་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་དང་།རླངས་འཁོར་ཡང་འགྲོ་དཀའ་བས།ང་ཚོས་རྐང་ཐང་དུ་དུས་ཚོད་བཞི་ཙམ་སོང་ནས་ཀོང་རྩེད་རའི་ཤོག་གསུམ་སྡེ་བར་ཐོན་དུས་ད་གཟོད་རླངས་འཁོར་ཞིག་འགོག་ཐུབ་སོང་།ཐེངས་དེར་དཀའ་སྡུག་གང་མང་མྱང་སོང་།སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས།འཇོལ་རྫོང་ནས་རྒྱལ་ཐང་བར་གྱི་ལམ་ཡང་ཇེ་བཟང་ནས་ཇེ་བཟང་རེད།ཉིན་ཞག་གཅིག་གི་ལམ་ཐག་དེ་ཉིན་གཅིག་གི་ལམ་ཐག་དང་།དེ་ནས་ཉིན་ཕྱེད་ཀྱི་ལམ་ཐག ད་ལྟ་དུས་ཚོད་གཉིས་ཀྱི་ནང་ནས་ཐོན་ཐུབ།ལྷག་པར་དུ་ད་ལྟ་མི་ཚང་མར་སྒེར་གཏོང་རླངས་འཁོར་ཡོད་ལ།ལམ་ཡང་བདེ་བས་གང་སར་སོང་ཡང་དངོས་གནས་སྟབས་བདེ་ཞིང་བདེ་འཇགས་ཡང་ཡིན་པ་རེད།པདྨ་རི་བོའི་ཕུག་ལམ་བཏོད་པའི་གསར་འགྱུར་དེ་ན་ནིང་ནས་གོ་བྱུང་།ད་ཐེངས་ཐེངས་གཅིག་བརྒྱུད་པས་དངོས་གནས་སེམས་པ་སྤྲོ་བས་ཁེངས།དུས་རབས་བཟང་བོའི་དྲོད་ཁོལ་འོག་དམངས་ཀྱི་འཚོ་བ་ཇེ་ལེགས་ནས་སྟབས་ཇེ་བདེ་རེད།འདི་ཚང་མ་དེང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་ཡིན་ཞེས་ངོ་ལ་མཛམ་གྱིས་ཁེངས་ནས་བཤད་བྱུང་།


 


        རྒྱལ་ལམ་214ལམ་ཐིག་གི་སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ནི་ཡུན་ནན་ཞིང་ཆེན་གྱི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་ཤོས་དང་ཁོར་ཡུག་ཆེས་ཞན་པ།ས་གཤིས་དང་ས་དབྱིབས་ཆེས་རྙོག་འཛིང་ཆེ་བ།ལས་གཞི་དཀའ་ཚད་ཆེ་བའི་གཞུང་ལམ་ཞིག་ཡིན་ལ།ལྷག་པར་དུ་པདྨ་རི་བོའི་ལས་གཞི་དེ་དཀའ་ཚད་རབ་ཏུ་ཆེ།པདྨ་རི་བོའི་ཕུག་ལམ་གྱི་ལས་གཞི་དེ་ཕུག་ལམ་གསུམ་གྱིས་གྲུབ་པ་དང་དང་ཕུག་ལམ་གྱི་རིང་ཚད་བསྡོམས་རྩིས་བརྒྱབ་ན་སྨི་19488.4ཡོད་པ་དང་།འདིའི་ཁྲོད་དུ།ཕུག་ལམ་དང་པོའི་རིང་ཚད་ཆེས་རིང་བ་དང་སྨི་5180ཡོད་པ་རེད།ལས་གཞི་འདི་ནི་2010ལོའི་ཟླ3པ་ནས་སྐྲུན་འགོ་ཚུགས་པ་དང་།དུས་ཡུན་ལོ་དྲུག་ལ་འཛུགས་སྐྲུན་བྱས་པ་རེད།


        པདྨ་རི་བོའི་ཕུག་ལམ་ཤར་གཏོང་བྱས་རྗེས།སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་གྱི་ལམ་ཐག་དེ་དུས་ཚོད་གཉིས་ཀྱི་ལམ་ཐག་ལས་མེད་པ་དང་།བདེ་ཆེན་གྱི་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུད་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།