གྲགས་པ་སྐལ་ལྡན་དང་ཇ་རྟའི་འདྲེན་ལམ་བར་གྱི་བརྩེ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       


         སེམས་ཀྱི་ཉི་ཟླའི་ཁམས་པའི་ཕོ་རྒོད་གྲགས་པ་སྐལ་ལྡན་ནི་རྒྱ་གར་ནས་སྐྱེས་ཤིང་། ལོ16སྐབས་སུ་ཨ་ཕ་དང་མཉམ་དུ་ཕྱིར་མེས་རྒྱལ་དུ་ལོག རྒྱ་གར་གྱི་སྐད་ཡིག་དང་དབྱིན་ཡིག  བོད་ཡིག་སོགས་སྐད་ཡིག་མང་པོར་མཁས། སྔ་ཕྱིར་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་ཡུལ་སྐོར་སྣེ་ཤན་པ་བྱས་མྱོང་བ་མ་ཟད།ཕྱི་རྒྱལ་དུ་སློབ་གཉེར་དུ་སོང་མྱོང་བ་དང་།ཟ་ཁང་དང་ཆང་ཁང་།ཐང་ཀ་ལྟེ་གནས་སོགས་ཀྱང་ཕྱེས་མྱོང་།སེམས་ཀྱི་ཉི་ཟླ་དང་ས་དམ།ལྷ་ས་སོགས་སུ་གདོད་མིའི་གནས་ཚང་མ་དཔེ་བྱས་ཏེ།རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་མགྲོན་ཁང་འཛུགས་སྐྲུན་བྱས་པ་དང་།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།

        གྲགས་པ་སྐལ་ལྡན་གྱི་ཨ་ཕ་རིན་ཆེན་ཕུན་ཚོགས་ནི་སེམས་ཀྱི་ཉི་ཟླ་ནས་ཡིན་པ་དང་།ལོ་ན་20སྐབས་སུ་དྲེལ་པ་བྱས་ནས་ལོ་གང་མང་རྟ་རགས་དེད་ནས་ཇ་རྟའི་གནའ་ལམ་དུ་བསྐྱོད་དེ།ཡུན་ནན་དང་སི་ཁྲོན།བོད་ལྗོངས།ནེ་པ་ལ་སོགས་ས་ཁུལ་དུ་ཕར་འགྲོ་ཚུར་འོངས་བྱས།

        1985ལོར་བསྒྱུར་བཅོས་སྒོ་འབྱེད་ཀྱི་དཔྱིད་རླུང་ལྡང་བ་དང་བསྟུན་ནས།ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཡུལ་དུ་གཉེན་ཉེ་དང་འཕྲད་པའི་སྐལ་བ་ལྡན།1987ལོར་ལོ་ན་16སོན་པའི་གྲགས་པ་སྐལ་ལྡན་ཕ་བུ་གཉིས་ཀྱིས་རྒྱ་གར་ནས་ནེ་པ་ལ་དང་།དེ་ནས་ལྷ་ས་སོགས་བརྒྱུད་ནས་རང་གི་ཕ་ཡུལ་བདེ་ཆེན་དུ་ལོག ལོ17སྐབས་སུ་གྲགས་པ་སྐལ་ལྡན་སློབ་ཆུང་དུ་འགྲིམས་ནས་རྒྱ་ཡིག་སྦྱངས་འགོ་བརྩམས་པ་དང་།1989ལོར་བདེ་ཆེན་ཁུལ་མི་རིགས་དོན་གཅོད་ཨུ་ལྷན་དུ་ཕྱག་ལས་གནང་ནས་གཞུང་ཞབས་ཀྱི་བྱ་བ་སྒྲུབ།1993ལོ་ནས་1995ལོར་བདེ་ཆེན་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་ལོ་གཉིས་རིང་ལ་འབྲིང་རིམ་ཆེད་ལས་སློབ་གྲྭ་བཏོན།དེ་ནས་ཁོང་གིས་ཕོགས་བཅད་གནས་འཇོག་བྱས་ནས་ཡུལ་སྐོར་སྣེ་ཤན་པ་བྱས་པ་དང་།ནེ་པ་ལ་རུ་རྐང་ཐང་ཡུལ་སྐོར་སྐོར་སློབ་གཉེར་བྱས་ནས་རིམ་བཞིན་ཡུལ་སྐོར་ཐད་དུ་རྒྱུས་ལོན་དང་ལྟ་བ་གསར་བ་བྱུང་བ་མ་ཟད།ཡུལ་སྐོར་ལས་རིགས་ལ་སྤྲོ་སྣང་སྐྱེས།1999ལོར་ཁོང་གིས་ལས་ཁུར་དགོངས་ཞུ་བྱས་ནས་སྔ་གཞུག་ཏུ་ཨོ་སི་ཁྲུ་རི་ཡ་དང་ཨ་མེ་རི་ཁ་སོགས་སུ་ཡུལ་སྐོར་དོ་དམ་དང་ཁེ་ལས་དོ་དམ་ཐད་ལ་སློབ་སྦྱོང་བྱས།2001ལོར་ཕྱིར་མེས་རྒྱལ་དུ་ལོག་རྗེས། ཁོང་གིས་སེམས་ཀྱི་ཉི་ཟླ་ཡུལ་སྐོར་ལས་དོན་ཁང་དུ་སྡེ་ཁག་གཅིག་གླས་ནས་ཆེད་དུ་རྐང་ཐང་ཡུལ་སྐོར་གྱི་བྱ་བ་སྒྲུབ།2003ལོར་རང་ཉིད་ཀྱི་ཡུལ་སྐོར་ལས་དོན་ཁང་སྟེ་ཁམས་པའི་དྲེལ་ལམ་ཡུལ་སྐོར་ལས་དོན་ཁང་བཙུགས་ནས་རྐང་ཐང་སྐྱེ་ཁམས་ཡུལ་སྐོར་རྣམ་གྲངས་སྐྲུན་འགོ་བརྩམས། ཁོང་གིས་གཏོད་པའི་ཡུལ་སྐོར་ལམ་ཐིག་ནི་ཕ་མེས་ཡང་མེས་ཀྱིས་སྐྱོད་པའི་ཇ་རྟའི་འདྲེན་ལམ་གཞི་བྱས་ནས་གཏོད།འདི་འདྲའི་ཡུལ་སྐོར་གྱི་རྣམ་པ་དེ་ཕྱི་རྒྱལ་གྱི་ཁྲོམ་རར་དགའ་བསུ་ཚད་མེད་ཐོབ་པ་དང་།ཕྱི་རྒྱལ་ཡུལ་སྐོར་བ་མང་པོ་ཞིག་དྲ་ལམ་དང་གྲོགས་པོ་ངོ་སྤྲོད་བྱས་པ་བརྒྱུད་ནས་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་དུ་འོངས།གྲགས་པ་སྐལ་ལྡན་གྱིས་བདེ་བླག་ངང་བདེ་ཆེན་སྐྱེ་ཁམས་ཡུལ་སྐོར་གྱི་རྣམ་གྲངས་གསར་སྤེལ་བྱས་པ་མ་ཟད།རྣམ་གྲངས་འདི་ཉིད་ཁམས་ཁུལ་དང་ཐ་ན་བོད་ཁུལ་ཡོངས་སུ་ཁྱབ་པར་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་ངོ་མཚར་རིག་གནས་མཐོང་དུ་བཅུག་པ་རེད།

     2005ལོ་ནས་བཟུང་།གྲགས་པ་སྐལ་ལྡན་གྱིས་རང་གི་ཡིད་རྟོན་དང་རྒྱལ་སྤྱིའི་འབྲེལ་བ་གཞིར་བཟུང་།སྔ་རྗེས་སུ་ཀྲུང་ཤིན་མ་འཇོག་འཇོལ་རྫོང་རི་མཐོའི་མགྲོན་ཁང་ཚད་ཡོད་ཀུང་སི་དང་སེམས་ཀྱི་ཉི་ཟླ་རི་མཐོའི་མགྲོན་ཁང་ཚད་ཡོད་ཀུང་སི་སོགས་ནང་འདྲེན་བྱས་ནས་རང་གི་ཕ་ཡུལ་དུ་མ་འཇོག་དང་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ནས།སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་མིང་རྟགས་མཐོ་རུ་བཏང་།དུས་མཚུངས་སུ་ཨ་མེ་རི་ཁའི་ཐུང་ཡོན་ཀུང་སིའི་ཀྲུང་གོའི་ཀུང་སིས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་རྣམ་གྲངས་འཛུགས་སྐྲུན་དང་སྲུང་སྐྱོང་ཐད་ཀྱི་མ་དངུལ་རྒྱབ་སྐྱོར་ལ་བརྩོན་ལེན་བྱས་པ་མ་ཟད།སྲིད་གཞུང་དང་ཁེ་ལས་བར་མཐུན་སྦྱོར་བྱས་ནས།བདེ་ཆེན་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་གྲངས་འབོར་ཆེན་སྒྲུབ་པ་རེད།2006ལོར་ཁོང་གིས་དམངས་ཁྲོད་རིག་གནས་སྲུང་སྐྱོབ་ཐད་དུ་རང་ཉིད་ཀྱིས་སྒོར་བཏང་ནས་སེམས་ཀྱི་ཉི་ཟླ་མི་རིགས་རིག་གནས་སྣ་མང་རང་བཞིན་གྱི་རྒྱུན་འཛིན་དང་སྲུང་སྐྱོང་མཐུན་ཚོགས་བཙུགས་ནས།རྒྱུན་ཆད་ཉེན་ཡོད་པའི་མི་རིགས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་རང་ནུས་གང་ཡོད་བཏོན།2011ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དུ་རང་གི་ཐོག་དང་པོའི་གནས་ཚང་སྟེ་སེམས་ཀྱི་ཉི་ཟླའི་ཨ་རོགས་ཁམས་པའི་སྤུས་ལེགས་མགྲོན་ཁང་ཕྱེས།2015ལོར་ས་དམ་དུ་གནས་ཚང་གཉིས་པ་སྟེ་ཨ་རོགས་ཁམས་པ་ཆུན་ཡུན་མགྲོན་ཁང་ཕྱེས།

        གྲགས་པ་སྐལ་ལྡན་གྱིས་ལྷོད་མེད་ཀྱི་སྤོབས་པ་དང་བརྩེ་བའི་དད་སེམས་ལ་བརྟེན་ནས།ཇ་རྟའི་གནའ་ལམ་དུ་གནས་ཚང་རེ་རེ་བཙུགས་ཤིང་།ཇ་རྟའི་གནའ་ལམ་གྱི་སྙིང་སྟོབས་རྒྱུན་མཐུད་དང་སྤྱི་ཚོགས་རིག་གནས་ཀྱི་རྣམ་པ་ཞིབ་ཚགས་ཅན་དུ་བཏང་བ་རེད།

        གྲགས་པ་སྐལ་ལྡན་གྱིས་མཚམས་སྦྱོར་འོག  2016ལོར་རྐང་ཐང་ལྗོངས་རྒྱུར་དགའ་མཁན་ཚོའི་གནས་ཁང་རིག་གནས་མགྲོན་ཁང་དེ་སེམས་ཀྱི་ཉི་ཟླའི་ཉི་ཤར་གྲོང་སྡེའི་ཉི་ཤར་གྲོང་མིའི་ཚོ་ཆུང་དུ་བཙུགས་པ་དང་། ཁོང་གིས་རང་གི་འབད་བརྩོན་ལ་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་གནང་སྟེ་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཤིང་གཞི་བཙུགས་ཏེ་སྤྱི་ཚོགས་ལ་དྲིན་གཟོ་བའམ།མི་རིགས་རིག་གནས་ཀྱི་བརྩེ་བ་ཆེན་པོ་ཞིག་སེམས་ལ་ཉར་ནས་རང་གི་མི་ཚེའི་དམིགས་འབེན་གྱི་ཆེད་དུ་གོམ་ཁ་མདུན་ཕྱོགས་སུ་བསྒྱུར་བཞིན་ཡོད།