ཆོས་དད་རང་མོས་སྐོར་གྱི་དེབ་ཐེར་རྒྱབ་ཤ་དཀར་པོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-09   རྩོམ་ཁུངས།    ཉི་འདོ་བོད་ལྗོངས།

༢༠༡༨ལོའི་ཟླ་༤ཚེས་༣ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འགྲེམ་སྤེལ་བྱས་པའི་ཀྲུང་གོས་ཆོས་དད་རང་མོས་འགན་ལེན་བྱེད་པའི་སྲིད་ཇུས་དང་ལག་ལེན་ཞེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོ།

དཀར་ཆག

གཅིགཆོས་དད་རང་མོས་འགན་ལེན་བྱེད་པའི་གཞི་རྩའི་སྲིད་ཇུས།

གཉིས།ཆོས་དད་རང་མོས་དབང་ཆའི་བཅའ་ཁྲིམས་ཀྱི་འགན་ལེན།

གསུམ།ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ།

བཞི།ཆོས་ལུགས་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱུང་བ།

ལྔ།ཆོས་ལུགས་འབྲེལ་བ་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བ།

དྲུག   མཇུག་བསྡུའི་གཏམ།

    སྔོན་འགྲོའི་གཏམ།

ཀྲུང་གོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།ཀྲུང་གོས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་ཆོས་ལུགས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ་ཆོས་དད་རང་མོས་སྲིད་ཇུས་ལག་ལེན་བསྟར་ནས་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆ་འགན་ལེན་བྱ་རྒྱུ་དང་།དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་རྒྱུ།ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱ་རྒྱུ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོགཀྲུང་གོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཆོས་ལུགས་ལས་དོན་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནང་བཅུག་པ་དང་།བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་བྱེད་པ།ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    གཅིགཆོས་དད་རང་མོས་འགན་ལེན་བྱེད་པའི་གཞི་རྩའི་སྲིད་ཇུས།

    ཀྲུང་གོས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་།རང་ཚུགས་དང་། རང་བརྟེན།རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ།རྒྱ་ཆེའི་ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མཐུན་སྒྲིལ་བྱས་ཡོད།

    ཆོས་དད་རང་མོས་སྲིད་ཇུས་ལག་ལེན་བསྟར་བ།ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཆོས་ལུགས་ལ་འཛིན་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན།སྤྱི་དམངས་ཚང་མར་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པ་དང་།ཆོས་ལུགས་གང་རུང་ཞིག་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལུགས་གཅིག་པའི་ཁྲོད་ཀྱི་གྲུབ་མཐའ་གང་རུང་ཞིག་ལ་དད་པ་བྱེད་པའི་རང་དབང་ཡང་ཡོད།

    དེ་སྔ་ཆོས་ལ་དད་པ་བྱེད་ཀྱི་མེད་ནའང་ད་ལྟ་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་དེ་སྔ་ཆོས་ལ་དད་པ་བྱེད་ཀྱི་ཡོད་ནའང་ད་ལྟ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད།

    ཆོས་ལ་དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ཚང་མར་ཆབ་སྲིད་དང་།དཔལ་འབྱོར་དང་།སྤྱི་ཚོགས།རིག་གནས་སོགས་ཀྱི་དབང་ཆ་གཅིག་མཚུངས་ལོངས་སུ་སྤྱོད་རྒྱུ་ཡོད།དེས་ན་དད་པ་བྱ་ཡུལ་མི་འདྲ་བའི་དབང་གིས་དབང་ཆའི་ཐད་འདྲ་མཉམ་མེད་པ་ཡོང་མི་སྲིད།རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་བརྩི་བཀུར་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་བྱེད་ཀྱི་ཡོད།སྤྱི་དམངས་ཀྱིས་ཆོས་དད་རང་མོས་ཀྱི་དབང་ཆ་སྤྱོད་པར་སྤྱི་དམངས་གཞན་དག་གི་ཁྲིམས་མཐུན་དབང་ཆར་འགོག་རྐྱེན་བཟོ་བ་དང་།མི་གཞན་ལ་བཙན་ཤེད་ཀྱིས་ཆོས་ལ་དད་པ་བྱེད་དུ་འཇུག་པ།ཆོས་ལ་དད་པ་མི་བྱེད་པའམ་ཡང་ན་ཆོས་ལུགས་གཞན་དག་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་བྱེད་པ།ཆོས་ལུགས་སྤྱད་དེ་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་བྱ་མི་ཆོགཆོས་དད་རང་མོས་ཀྱི་དབང་ཆ་སྤྱོད་སྐབས་ངེས་པར་དུ་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོར་བརྩི་འཇོག་དང་།རིག་གནས་ཀྱི་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་མི་ཆོས་ཀུན་སྤྱོད་ལ་བརྩི་འཇོག་བྱེད་དགོས།

     ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ།རྒྱལ་ཁབ་ཀྱིས་ཆོས་ལུགས་ཚང་མར་རིས་མེད་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ལས།སྲིད་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆོས་ལུགས་ག་གེ་མོ་ཞིག་འཕེལ་རྒྱས་སམ་ཡང་ན་གཏན་འགོག་བྱ་མི་རུང་།ཆོས་ལུགས་གང་ཞིག་ཡིན་རུང་ཆོས་ལུགས་གཞན་ལས་བརྒལ་ནས་དམིགས་བསལ་གནས་བབ་ལོངས་སྤྱོད་བྱ་མི་རུང་།རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ལས།ཆོས་ལུགས་ནང་ཁུལ་གྱི་བྱ་བར་ཐེ་ཇུས་མི་བྱེད།རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་སྲུང་སྐྱོང་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ།ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་བཀག་འགོག་དང་།ཆོས་ལུགས་ལ་བརྟེན་ནས་ཐལ་སྐྱོད་བསམ་བློ་དྲིལ་བསྒྲགས་དང་ཐལ་སྐྱོད་བྱེད་སྤྱོད་སྤེལ་བ་གཏན་འགོགཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་ཀྱིས་ཆོས་ལུགས་ལ་བརྟེན་ནས་སིམ་འཛུལ་བཀག་འགོགཆོས་ལུགས་ལ་བརྟེན་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་བར་རྡུང་རྡེག་བཅས་གཏོང་གི་ཡོད།དད་ལྡན་སྤྱི་དམངས་ཀྱིས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ།སྒྲིག་སྲོལ་བཅས་ལ་བརྩི་སྲུང་ཞུ་དགོས།ཆོས་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་སྐབས་སྲིད་འཛིན་དང་།ཁྲིམས་འཛིན།སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་ལེན་བསྟར་བར་ཐེ་ཇུས་བྱ་མི་རུང་།ཆོས་ལུགས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མེད་པར་བཟོས་པ་དག་སླར་གསོ་བྱ་མི་རུང་ལ།ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་དང་།མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་བཅས་ལ་གནོད་པའི་བྱེད་སྤྱོད་སྤེལ་མི་རུང་།

    རང་ཚུགས་དང་།རང་རྟེན།རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ།ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ལ་ཕྱི་རྒྱལ་ཕྱོགས་གཏོགས་ཀྱི་བཀོད་འདོམས་མི་ཕོག་པ་ནི་ཀྲུང་གོའི་རྩ་ཁྲིམས་སུ་གཏན་ལ་ཕབ་པའི་རྩ་དོན་ཞིག་རེད།ཀྲུང་གོ་སྲིད་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་།ཆོས་ལུགས་ཁག་གིས་རང་ཚུགས་དང་། རང་རྟེན། རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ལ་རྒྱབ་སྐྱོར་བྱེད་པ་དང་།ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ།དད་ལྡན་སྤྱི་དམངས་བཅས་ཀྱིས་རང་རྟེན་ངང་ཆོས་ལུགས་བྱ་གཞག་གཉེར་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད།རང་ཚུགས་དང་། རང་རྟེན།རང་སྒྲུབ་བཅས་ཀྱི་རྩ་དོན་ནི་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་སྤྱི་ཚོགས་ཡར་ཐོན་གྱི་འཐབ་རྩོད་བྱེད་རིང་།མི་སེར་སྤེལ་བའི་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ཀྱིས་གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ལ་ཡུན་རིང་ཚོད་འཛིན་དང་བེད་སྤྱོད་བྱས་ཏེ།“ཕྱི་གླིང་པའི་ཆོས་ལུགས”ཟེར་བའི་བརྙས་བཅོས་འཁུར་བའི་ལོ་རྒྱུས་ལ་དམིགས་ཏེ་ཀྲུང་གོའི་དད་ལྡན་སྤྱི་དམངས་ཀྱིས་རང་རྟེན་བྱས་པའི་ལོ་རྒྱུས་རང་བཞིན་གྱི་གདམ་ག་ཞིག་རེད།རྩ་དོན་དེ་ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་ལ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་བའི་དུས་རབས་ཀྱི་བླང་བྱ་དང་ཡང་མཐུན་ཡོད།དེ་ལས་ཀྲུང་གོའི་ཆོས་ལུགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་མ་ཟད།རྒྱལ་སྤྱིའི་ཆོས་ལུགས་ཀྱི་མཛའ་གྲོགས་མི་སྣའི་བསམ་ཤེས་དང་། བརྩི་འཇོགརྒྱབ་སྐྱོར་བཅས་མཐའ་གཅིག་ཏུ་ཐོབ་ཡོད། རང་ཚུགས་དང་། རང་རྟེན།རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཆོས་ལུགས་རྩ་འཛུགས་ཀྱིས་ཕྱི་ཕྱོགས་ཆོས་ལུགས་རྩ་འཛུགས་དབར་གྱི་རྒྱུན་གཏན་གྱི་འབྲེལ་བ་གཅོད་པ་མིན།ཀྲུང་གོ་སྲིད་གཞུང་གིས་ཆོས་ལུགས་ཁག་གིས་རང་ཚུགས་རང་རྟེན་དང་།འདྲ་མཉམ་མཛའ་གྲོགས།ཕན་ཚུན་བརྩི་འཇོག་བཅས་ཀྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་སུ་སྤེལ་རེས་དང་འགྲོ་འོང་བྱས་ཏེ་ཕྱི་རྒྱལ་གྱི་ཆོས་ལུགས་ལས་རིགས་དང་མཛའ་གྲོགས་འབྲེལ་བ་འཛུགས་པ་དང་།འཕེལ་རྒྱས་དང་། སྲ་བརྟན་དུ་བཏང་སྟེ། ཡིད་ཆེས་ཐོབ་ཤུགས་ཆེ་རུ་དང་དོགས་གནད་སེལ་བ་དང་།གཟུགས་བརྙན་བཟང་པོ་མངོན་པར་བྱེད་པར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ཡོད།ཕྱི་ཕྱོགས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་ཆོས་ལུགས་ལ་བརྟེན་ནས་ཀྲུང་གོའི་རྩ་ཁྲིམས་དང་།བཅའ་ཁྲིམས། ཁྲིམས་སྲོལ། སྲིད་ཇུས་བཅས་ལས་འགལ་བའི་བྱེད་སྤྱོད་སྣ་ཚོགས་སྤེལ་བ་དང་།ཀྲུང་གོའི་ཆོས་ལུགས་རྩ་འཛུགས་ལ་ཚོད་འཛིན་བྱེད་པ།ཀྲུང་གོའི་ཆོས་ལུགས་ལས་དོན་ལ་ཐེ་ཇུས་བྱེད་པ།ཐ་ན་ཀྲུང་གོའི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་པའི་རེ་ངན་འཆང་བ་བཅས་ལ་ཀྲུང་གོ་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་ཁྲིམས་ལྟར་ཆད་པའང་གཅོད་རྒྱུ་ཡིན།

    ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ།ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་པ་ནི་དད་ལྡན་སྤྱི་དམངས་ཀྱིས་མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་དང་།མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་།ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་སྲུང་སྐྱོང་།རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་སྲུང་སྐྱོང་ལ་བརྩི་བཀུར་དང་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་པ་དེ་ཡིན་ཞིང་།ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས།ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐགཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དར་སྤེལ།ཆོས་ལུགས་ཀྱི་སྡོམ་ཁྲིམས་བསྟན་དོན་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་ཐུབ་པའི་བརྩོན་ལེན།རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་།རྒྱལ་ཁབ་ཀྱིས་ཁྲིམས་བཞིན་དོ་དམ་བྱེད་པ་རང་འགུལ་ངང་དང་ལེན་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དེ་རེད།

གཉིས།ཆོས་དད་རང་མོས་དབང་ཆའི་བཅའ་ཁྲིམས་ཀྱི་འགན་ལེན།

     ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་འགྲོ་བ་དང་།ཆོས་དད་རང་མོས་ཀྱི་དབང་ཆར་འགན་ལེན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ།སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་བྱེད་པའི་དོ་དམ་སྔར་བས་ཚད་ལྡན་དུ་འགྲོ་བ་མ་ཟད།རྒྱ་ཆེའི་དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་འགྲོ་བཞིན་ཡོད།

    ཆོས་དད་རང་མོས་ཀྱི་དབང་ཆར་ཀྲུང་གོའི་རྩ་ཁྲིམས་ཀྱི་འགན་ལེན་བྱེད་པ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་སོ་དྲུག་པར“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད”ཅེས་གཏན་འབེབས་བྱས་ཡོད།དུས་མཚུངས་སུ“རྒྱལ་ཁབ་ཀྱིས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་པ་དང་། “རྒྱལ་ཁབ་ལས་ཁུངས་དང་།སྤྱི་ཚོགས་ཚོགས་པ།མི་སྒེར་སུ་འདྲ་ཞིག་ཡིན་རུང་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་པའམ་ཡང་ན་དད་པ་མི་བྱེད་པའི་བཙན་ཤེད་བྱ་མི་ཆོགཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་བྱ་མི་ཆོག” “མི་སུ་འདྲ་ཞིག་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་།སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བ།རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱེད་སྤྱོད་སྤེལ་མི་རུང” “ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱི་བཀོད་འདོམས་མི་ཕོག”ཅེས་གཏན་འབེབས་ཀྱང་བྱས་ཡོད།གཏན་འབེབས་དེ་དག་གིས་རྒྱལ་ཁབ་ཀྱིས་ཆོས་དད་རང་མོས་ཀྱི་དབང་ཆར་འགན་ལེན་དང་།ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ།དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་པ་བཅས་ལ་རྩ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཆོས་དད་རང་མོས་ཀྱི་དབང་ཆར་འགན་ལེན་བྱེད་པ་གཞི་རྩའི་བཅའ་ཁྲིམས་ནས་མངོན་པ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཚང་མར་སྤྱི་དམངས་ཀྱི་ཆོས་དད་རང་མོས་སྲུང་སྐྱོང་སྐོར་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོའི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངལ་རྩོལ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་ཞུགས་སྐུལ་སྤེལ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ཚོགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱིས་འདྲ་མཉམ་དང་སྲུང་སྐྱོང་གི་རྩ་དོན་ལག་ལེན་བསྟར་གྱི་ཡོད་པ་དང་།དེ་དག་ནང་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་སྤྱི་དམངས་ཀྱི་འདེམས་བསྐོའི་དབང་ཆ་དང་།གདམ་བྱའི་དབང་ཆ། བཅའ་ཁྲིམས་བཀོལ་སྤྱོད་ཐད་ཀྱི་འདྲ་མཉམ་དབང་ཆ།སློབ་གསོ་དང་ལེན་བྱེད་དབང་།འདྲ་མཉམ་ལས་ཞུགས་བྱེད་དབང་།རང་རྟེན་ལས་ཀ་འདེམས་དབང་།ཁྲིམས་བཞིན་བཟོ་ཚོགས་ལ་ཞུགས་པ་དང་སྒྲིག་འཛུགས་བྱེད་དབང་སོགས་ཆོས་ལུགས་དད་མོས་དབང་གིས་དབྱེ་བ་མི་འབྱེད་ལ་མཐོང་ཆུང་ཡང་མི་བྱེད་ཅེས་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སུ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྤྱི་དམངས་ལ་ཆོས་དད་རང་མོས་ལ་འགན་ལེན་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སུ་ན་སོ་དར་ལ་མ་བབས་མིར་ཆོས་ལ་དད་པ་ཡོད་མིན་ལ་མ་བལྟོས་པར་ཁྲིམས་བཞིན་འཚོ་གནས་བྱེད་དབང་དང་།འཕེལ་རྒྱས་གཏོང་དབང་། སྲུང་སྐྱོང་བྱེད་དབང་། ཐེ་ཞུགས་བྱེད་དབང་།སློབ་གསོ་དང་ལེན་བྱེད་དབང་སོགས་ཀྱི་དབང་ཆ་འདྲ་མཉམ་སྤྱོད་རྒྱུ་ཡོད་ཅེས་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བརྡ་ཆའི་བཅའ་ཁྲིམས》སུ་བརྡ་ཆར་ཆོས་ལུགས་ལ་མཐོང་ཆུང་གི་ནང་དོན་འགོད་མི་ཆོག་པའི་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》སུ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆ་ཁྲིམས་དང་མ་མཐུན་པར་འཕྲོག་པར།གནས་ཚུལ་ཚབས་ཆེ་རིགས་ལ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན》ནང་ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་ཁྲིམས་མིའི་ཆ་རྐྱེན་ལྡན་རིགས་ཀྱིས་ཁྲིམས་མི་ཐོ་འགོད་འདུན་ཞུ་བྱས་ཏེ་ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་རག་ཐབས་བྱ་ཆོག་ཅེས་གཏན་འབེབས་བྱས་ཡོད།

    ཆོས་ལུགས་ལས་དོན་གྱི་སྲིད་འཛིན་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།༢༠༡༧ལོར་བཟོ་བཅོས་བརྒྱབ་ནས་ཡོངས་བསྒྲགས་བྱས་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ཏུ་སྤྱི་དམངས་ཀྱི་ཆོས་དད་རང་མོས་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་།སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་བཏང་བ།རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་གི་ནང་དོན་ཁ་སྣོན་བརྒྱབ་ཡོད།སྲོལ་ཡིག་ནང་ཆོས་ལུགས་ཚོགས་པ་དང་།ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།དད་ལྡན་སྤྱི་དམངས་བཅས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པ་དང་།ཆོས་ལུགས་བྱེད་སྒོ་སྤེལ་བ། ཆོས་ལུགས་སློབ་གྲྭ་གཉེར་བ།ཁྲིམས་མིའི་ཐོབ་ཐང་རེ་འདུན་ཞུ་བ།ཆོས་ལུགས་དཔེ་ཆ་དཔེ་སྐྲུན་འགྲེམས་སྤེལ་བྱེད་པ།ཆོས་ལུགས་ཐད་ཀྱི་ཞལ་འདེབས་དང་ལེན་བྱེད་པ།ཆོས་ལུགས་ཀྱི་རྒྱུ་ནོར་དོ་དམ་བྱེད་པ། སྤྱི་ཕན་དགེ་ལས་གཉེར་བ།ཕྱི་ཕྱོགས་སྤེལ་རེས་བྱེད་སྒོ་སྤེལ་བ་སོགས་ཀྱི་དབང་ཆ་དང་འོས་འགན་གཏན་འབེབས་བྱས་ཡོད།སྲོལ་ཡིག་ནང་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བ་གཏན་འགོག་བྱེད་དགོས་ལུགས་ཁ་གསལ་བཏོན་པ་དང་དྲ་སྦྲེལ་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་སྐོར་གྱི་ནང་དོན་ཁ་སྣོན་བརྒྱབ་ཡོད།དུས་མཚུངས་སུ་རིམ་ཁག་ས་གནས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་།ཆོས་ལུགས་སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་སྤྱི་པའི་ཞབས་འདེགས་ཞུ་དགོས་པ་དང་།རིམ་ཁག་ས་གནས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྐྲུན་ལ་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ནང་འཇུག་དགོས།རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་དད་ལྡན་སྤྱི་དམངས་དང་དད་པ་མེད་པའི་སྤྱི་དམངས་དབར་འགལ་ཟླ་དང་གདོང་ཐུག་བཟོ་མི་རུང་།དཔེ་སྐྲུན་ཡིག་རིགས་དང་དྲ་སྦྲེལ་དུ་དད་ལྡན་སྤྱི་དམངས་སམ་ཡང་ན་དད་པ་མེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་པའི་གཏམ་གླེང་སྤེལ་མི་ཆོག་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།

     ཕྱི་རྒྱལ་བས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁྲིམས་བཞིན་སྲུང་སྐྱོང་བྱེད་པ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ཁུལ་གྱི་ཕྱི་རྒྱལ་བའི་ཆོས་ལུགས་བྱེད་སྒོའི་དོ་དམ་གཏན་འབེབས》ནང་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་བའི་ཆོས་དད་རང་མོས་ལ་བརྩི་འཇོག་བྱེད་་པ་དང་།ཕྱི་རྒྱལ་བས་ཆོས་ཕྱོགས་ནས་ཀྲུང་གོའི་ཆོས་ལུགས་ལས་རིགས་དབར་དུ་མཛའ་གྲོགས་འགྲོ་འོང་དང་རིག་གནས་དང་རིག་གཞུང་སྤེལ་རེས་བྱེད་པར་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་བས་དགོན་སྡེ་དང་།ཏའོ་ཅའོ་ཆོས་ཁང་། དབྱི་སི་ལམ་ཕྱག་ཁང་།ཆོས་ཁང་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆོས་ལུགས་བྱེད་སྒོར་ཞུགས་ཆོག་པ་དང་།ཞིང་ཆེན་དང་། རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་ཡན་གྱི་ཆོས་ལུགས་ཚོགས་པའི་གདན་ཞུས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གསུང་ཆོས་སྤེལ་ཆོག་པ་དང་།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཁས་བླངས་པའི་བྱེད་སྒོ་སྤེལ་ཡུལ་དུ་ཕྱི་རྒྱལ་བ་ཞུགས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པ།ཀྲུང་གོའི་ཆོས་ལུགས་ལས་འཛིན་མི་སྣ་གདན་དྲངས་ཏེ་བྱབས་ཁྲུས་དང་།གཉེན་སྒྲིག དུར་མཆོད། སྨོན་ལམ་ཆེ་མོ་སོགས་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཆོག་པ།གཏན་འབེབས་དང་མཐུན་པའི་ཆོས་ལུགས་ཀྱི་པར་སྐྲུན་ཡིག་རིགས་དང་།ཆོས་ལུགས་ཀྱི་སྒྲ་ཕབ་བརྙན་འཇུག་དངོས་རིགས།དེ་མིན་ཆོས་ལུགས་ཀྱི་མཆོད་ཆས་བཅས་ཁྱེར་ཏེ་རྒྱལ་ཁོངས་སུ་འཛུལ་ཆོག་པའི་གཏན་འབེབས་བྱས་ཡོད།དེ་དང་དུས་མཚུངས་ཕྱི་རྒྱལ་བས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་སྐབས་ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་དགོས།ཕྱི་རྒྱལ་བ་དང་ཕྱི་རྒྱལ་རྩ་འཛུགས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་ཀྱི་རྩ་འཛུགས་གཉེར་བ་དང་།ཆོས་ལུགས་ལས་གཉེར་སྒྲིག་གཞི་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་པ།ཆོས་ལུགས་སློབ་གྲྭ་གཉེར་བ། རང་དགར་ཕྱི་སྦྱོང་སློབ་མ་བསྡུ་བ་བཅས་བྱ་མི་ཆོག་ལ།ཀྲུང་གོའི་སྤྱི་དམངས་ཀྱི་ནང་ནས་ཆོས་པ་འཕེལ་རྒྱས་གཏོང་བ་དང་།ཆོས་ལུགས་ལས་དོན་མི་སྣ་བསྐོ་བཞག་བྱེད་པའམ་ཡང་ན་ཆོས་སྤེལ་བྱེད་སྒོ་གཞན་དག་གཉེར་བ་བཅས་བྱ་མི་ཆོག་པའི་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་མངའ་ཁོངས་ནང་ཁུལ་གྱི་བྱེད་སྒོར་དོ་དམ་བྱ་ཐབས》ནང་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་ཁྲིམས་དང་མ་མཐུན་པར་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པའམ་ཡང་ན་ཆོས་ལུགས་བྱེད་སྒོར་རོགས་དངུལ་སྤྲད་མི་ཆོག་པའི་གཏན་འབེབས་བྱས་ཡོད།

    ཆོས་ལུགས་ཐལ་སྐྱོད་ཕྱོགས་གཏོགས་དང་གཏུམ་སྤྱོད་འཇིགས་སྐུལ་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་གཏོང་བ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནང་རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་བསྟན་དོན་འཁྱོག་བཤད་བྱེད་པའམ་ཡང་ན་དེ་མིན་བྱེད་ཐབས་སྤྱད་ནས་འཁོན་འཛིན་ངན་སྐུལ་བྱེད་པ་དང་།ངན་སྐུལ་མཐོང་ཆུང་བྱེད་པ།གཏུམ་སྤྱོད་འུད་སྒྲོག་བྱེད་པ་སོགས་རྣམ་པའི་ཐལ་སྐྱོད་རིང་ལུགས་མཐའ་དག་ལ་ངོ་རྒོལ་རྒྱུ་དང་།ས་ཁོངས་དང་། མི་རིགས།ཆོས་ལུགས་སོགས་རྒྱུ་མཚན་དུ་བྱས་པའི་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་གང་འདྲ་ཞིག་ཡིན་རུང་ཚང་མ་བཀག་འགོག་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།《ཆོས་ལུགས་ལས་དོན་སྲོལ་ཡིག》ནང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་དྲིལ་བསྒྲགས་དང་།རྒྱབ་སྐྱོར།རོགས་རམ་བཅས་བྱ་མི་རུང་བ་དང་ཆོས་ལུགས་སྤྱད་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་།རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བ། འཇིགས་སྐུལ་བྱེད་སྤྱོད་སྤེལ་བ་སོགས་བྱ་མི་རུང་བའི་གཏན་འབེབས་བྱས་ཡོད།རྒྱལ་ཁབ་ཀྱིས་བྱ་ཐབས་སྤྱད་ནས་ཆོས་ལུགས་ཐལ་སྐྱོད་རིང་ལུགས་བརྒྱུད་བསྒྲགས་དང་མཆེད་ལ་གཏན་འགོག་བྱེད་པ་དང་ཆབས་ཅིགགཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་དམིགས་བཀར་མི་རིགས་སམ་ཡང་ན་དམིགས་བཀར་ཆོས་ལུགས་དང་འབྲེལ་བ་ཡོང་བ་གཏན་འགོག་བྱེད་པར་ཡིད་གཟབ་ཆེན་པོ་བྱེད་ཀྱི་ཡོད།

    གསུམ།ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ།

    ཀྲུང་གོར་གཙོ་བོ་ནང་བསྟན་ཆོས་ལུགས་དང་།ཏའོ་ཅའོ་ཆོས་ལུགས། དབྱི་སི་ལམ་ཆོས་ ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཡོད་པ་དང་དད་ལྡན་སྤྱི་དམངས་དུང་ཕྱུར་༢ཙམ་དང་ཆོས་ལུགས་ལས་དོན་པ་ཁྲི་༣༨ལྷག་ཙམ་ཡོད།ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དད་ལྡན་པ་མང་པོ་ཡོད་རུང་དད་ལྡན་མང་ཚོགས་དཀྱུས་མ་དེར་ནང་ཞུགས་པའི་གོ་རིམ་ནན་པོ་མེད་པས་མི་གྲངས་བསྡོམས་རྩིས་ཞིབ་ཕྲ་བྱེད་ཁག་པོ་ཡོད།ནང་བསྟན་ཆོས་ལུགས་ཀྱི་ལས་དོན་པ་ཁྲི་༢༢.༢ཙམ་ཡོད་པ་དང་།ཏའོ་ཅའོ་ཆོས་ལུགས་ཀྱི་ལས་དོན་པ་ཁྲི་༤ལྷག་ཙམ་ཡོད།མི་མང་ཆེ་བས་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་པའི་གྲངས་ཉུང་མི་རིགས་༡༠ཡི་མི་འབོར་བསྡོམས་གྲངས་ཀྱི་མི་ཁྲི་༢༠༠༠ལྷག་ཙམ་གྱིས་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་པ་དང་དབྱི་སི་ལམ་ཆོས་ལུགས་ཀྱི་ལས་དོན་པ་ཁྲི་༥.༧ལྷག་ཙམ་ཡོད།གནམ་བདག་ཆོས་ལུགས་ལ་དད་པ་བྱེད་མཁན་ཁྲི་༦༠༠ཙམ་ཡོད་པ་དང་ཆོས་ལུགས་ལས་དོན་པ་ཁྲི་༠.༨ཡོད།ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་ཁྲི་༣༨༠༠ལྷག་ཡོད་པ་དང་ཆོས་ལུགས་ལས་དོན་པ་ཁྲི་༥.༧ཙམ་ཡོད།ཀྲུང་གོར་ད་དུང་དམངས་ཁྲོད་ཀྱི་དད་མོས་སྣ་ཚོགས་ཡོད་ཅིང་།དེ་དག་ཡུལ་དེ་གའི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དང་ལྷན་དུ་འདྲེས་ཤིང་།དམངས་ཁྲོད་དད་མོས་བྱེད་སྒོར་ཞུགས་མཁན་མང་ཚོགས་མང་ཙམ་ཡོད།ཀྲུང་གོར་ཆོས་ལུགས་ཚོགས་པ་༥༥༠༠ཙམ་ཡོད་པའི་ནང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་༧ཡོད་པ་དག་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་།ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས།ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས།ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས།ཀྲུང་གོ་གནམ་བདག་ཆོས་ལུགས་ཆོས་དཔོན་ཚོགས་པ།ཀྲུང་གོ་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང།ཀྲུང་གོ་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་བཅས་རེད།

    ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་བ།རྒྱལ་ཁབ་ཀྱིས་ཆོས་དད་སྤྱི་དམངས་ཀྱི་མཉམ་སྡེབ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁྲིམས་ལྟར་ཐོ་འགོད་བྱས་རྗེས་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཁོངས་སུ་བཅུག་ནས་ཆོས་ལུགས་བྱེད་སྒོ་ཚད་ལྡན་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་བའི་འགན་ལེན་བྱེད་ཀྱི་ཡོད།མིག་སྔར་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁྲི་༡༤.༤ཡོད་ཅིང་།ནང་བསྟན་དགོན་པ་ཁྲི་༣.༣༥ཙམ་ཡོད་པའི་ནང་རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ་ཁྲི་༢.༨ལྷག་དང་།བོད་བརྒྱུད་ནང་བསྟན་གྱི་དགོན་པ་༣༨༠༠ལྷག ལྷོ་བརྒྱུད་ནང་བསྟན་གྱི་དགོན་པ་༡༧༠༠ལྷག་བཅས་ཡོད་པ་དང་།ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་པ་༩༠༠༠ལྷག་ཡོད་པ།དབྱི་སི་ལམ་ཆོས་ལུགས་ཀྱི་ཕྱག་ཁང་ཁྲི་༣.༥ལྷག་ཡོད་པ།གནམ་བདག་ཆོས་ལུགས་ཀྱི་ཆོས་ཁུལ་༩༨དང་ཆོས་ཁང་དང་བྱེད་སྒོ་སྤེལ་གནས་༦༠༠༠ལྷག་ཡོད།ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་ཁང་དང་འདུར་ཁྲི་༦ཙམ་ཡོད།ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ཁྲལ་བསྡུའི་ལམ་ལུགས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་འཇལ་བ་དང་ཡང་ན་ཁྲལ་བསྡུའི་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད་པ་དང་།ཆུ་དང་། གློག རླངས། དྲོད། ལམ། འཕྲིན་གཏོང་།དེ་བཞིན་རླུང་འཕྲིན་བརྙན་འཕྲིན་དང་སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་ཁྱབ་ཡོད།

    ཆོས་ལུགས་ཀྱི་བསྟན་བཅོས་དང་ཚད་ལྡན་ཡིག་ཆ་ཁྲིམས་ལྟར་དཔེ་སྐྲུན་བྱེད་པ།སྐད་རིགས་དུ་མ་དང་པར་གཞི་དུ་མའི་ཆོས་ལུགས་གསུང་རབ་དང་དེ་བཞིན་ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་འཁོད་པ་དང་།གསལ་འགྲེལ། འཆད་འགྲེལ་བཅས་ཀྱི་དཔེ་སྐྲུན་དངོས་པོ་དང་། སྒྲ་བརྙན་ཐོན་རྫས།གློག་རྡུལ་ཀློག་དེབ་བཅས་པར་བཟོ་དཔེ་སྐྲུན་བྱས་པས་མི་རིགས་ཁག་གི་ཆོས་དད་སྤྱི་དམངས་ཀྱི་སྣེ་མང་ཅན་གྱི་དགོས་མཁོ་སྐོང་གི་ཡོད།《བཀའ་བསྟན་འགྱུར》དང《ཀྲུང་ཧྭ་ཏའོ་ཅའོ་ཆོས་ལུགས་ཀྱི་གཞུང་ཆེན》《ལའོ་ཙེའི་གསུང་རབ་གཅེས་བཏུས》སོགས་ཆོས་ལུགས་ཀྱི་དཔེ་རྙིང་ཆེ་གྲས་ལེགས་སྒྲིག་དཔེ་སྐྲུན་བྱས་ཡོད།བོད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་པར་ཁང་ཉམས་མེད་འཕེལ་རྒྱས་ཕྱིན་པ་དང་ད་ཆ་ཕོ་བྲང་པོ་ཏ་ལའི་པར་ཁང་སོགས་སྲོལ་རྒྱུན་པར་ཁང་༦༠ཡིས་ལོ་རེར་དཔེ་ཆ་པོ་ཏི་ཁྲི་༦.༣དཔར་རྒྱག་གི་ཡོད།རྒྱ་རིགས་དང་། ཡུ་གུར་རིགས། ཧ་སག་རིགས།ཁོར་ཁེ་ཙི་རིགས་སོགས་ཀྱི་ཡིག་རིགས་དུ་མར་བསྒྱུར་པའི《ཁུ་རན་གསུང་རབ》སོགས་དབྱི་སི་ལམ་ཆོས་ལུགས་ཀྱི་གསུང་རབ་དཔེ་སྐྲུན་འགྲེམས་སྤེལ་དང《ཝུར་ཚིའི་བཀའ་ཆོས་གསར་སྒྲིག》སོགས་ཀློག་དེབ་དང་དུས་དེབ་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཚད་བསྡོམས་འབོར་དེབ་ཁྲི་༡༧༦ཙམ་ཟིན་ཡོད།ཀྲུང་གོས་རྒྱལ་ཁབ་དང་ས་ཁུལ་༡༠༠ལྷག་ཙམ་ལ་རིམ་རྩིས་བྱས་ན་སྐད་ཡིག་མི་འདྲ་བ་༡༠༠ཡི《དམ་པའི་གསུང་རབ》དེབ་དུང་ཕྱུར་༡.༦ལྷག་ཙམ་པར་སྐྲུན་བྱས་ལས་ཀྲུང་གོའི་ཆོས་ཚོགས་ལ་དམ་པའི་གསུང་རབ་དེབ་ཁྲི་༨༠༠༠པར་སྐྲུན་བྱས་པར་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་༡༡དང་དེ་བཞིན་ལོང་ཡིག་པར་མ་ཚུད་ཡོད།

    ཆོས་ལུགས་ཚོགས་པ་དང་བྱེད་སྒོ་སྤེལ་ཡུལ་མང་པོར་དྲ་ཚིགས་བཙུགས་ཡོད་པ་དང་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་རྒྱ་ཡིག་དང་ཡུ་གུར་ཡི་གེའི་དྲ་ཚིགས་བཙུགས་ཡོད་པ་རེད།

    ཆོས་ལུགས་སློབ་གསོའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།༢༠༡༧ལོའི་ཟླ་དགུ་པའི་བར།རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཆོག་མཆན་ཐོབ་ནས་བཙུགས་པའི་ཆོས་ལུགས་སློབ་གླིང་དང་སློབ་གྲྭ་ཁྱོན་༩༡ཡོད་པའི་ནང་ནང་བསྟན་སློབ་གླིང་༤༡དང་།ཏའོ་ཅའོ་ཆོས་ལུགས་ཀྱི་སློབ་གླིང་༡༠དབྱི་སི་ལམ་ཆོས་ལུགས་ཀྱི་སློབ་གླིང་༡༠གནམ་བདག་ཆོས་ལུགས་ཀྱི་སློབ་གླིང་༩ཡེ་ཤུའི་ཆོས་ལུགས་ཀྱི་སློབ་གླིང་༢༡བཅས་ཡོད།རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་༦ཡོད་དེ་དག་ནི།ཀྲུང་གོ་ནང་བསྟན་སློབ་གླིང་དང་།ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་སློབ་གླིང་།ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་སློབ་གླིང་།ཀྲུང་གོ་གནམ་བདག་ཆོས་ལུགས་ལྷ་རིག་པའི་མཚན་ཉིད་རིག་པའི་སློབ་གླིང་།ཅིན་ལིང་ཞེ་ཧོ་ལྷ་རིག་པའི་སློབ་གླིང་བཅས་རེད།ཆོས་ལུགས་སློབ་གླིང་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་༡ལྷག་ཙམ་ཡོད་པ་དང་རིམ་རྩིས་བྱས་ན་ད་བར་ཁྱོན་སློབ་མ་ཁྲི་༤.༧ལྷག་ཙམ་ཐོན་ཡོད།

    ཆོས་ལུགས་ལས་དོན་པའི་སྤྱི་ཚོགས་འགན་སྲུང་དེ་བས་ནུས་ལྡན་བྱུང་བ།༢༠༡༠ལོར་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་ཐོག《ཆོས་ལུགས་ལས་དོན་པའི་སྤྱི་ཚོགས་འགན་སྲུང་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཡོང་བསྒྲགས་བྱས་པ་དང་༢༠༡༡ལོར་སླར་ཡང་མཉམ་འབྲེལ་ཐོག《ཆོས་ལུགས་ལས་དོན་པའི་སྤྱི་ཚོགས་འགན་ལེན་གནད་དོན་སྔར་བས་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཆོས་ལུགས་ལས་དོན་པ་སྤྱི་ཚོགས་འགན་ལེན་མ་ལག་ནང་བཅུག་ཡོད།༢༠༡༣ལོའི་ལོ་མཇུག་བར་ཆོས་ལུགས་ལས་དོན་པ་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་༩༦.༥%དང་རྒན་གསོ་རྒན་བཅོལ་ནང་ཞུགས་ཚད་༨༩.༦%ཟིན་པ་དང་ཆ་རྐྱེན་དང་མཐུན་པ་ཚང་མ་མ་མཐའི་འཚོ་བའི་འགན་སྲུང་ནང་བཅུག་པས་གཞི་རྩའི་ཆ་ནས་སྤྱི་ཚོགས་འགན་བཅོལ་མ་ལག་ཕྱོགས་ཡོངས་ལ་ཁྱབ་ཡོད།

    ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་ཀྱི་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ།སྤྱི་དམངས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་དེ་བཞིན་ཆོས་ལུགས་ཀྱི་གོམས་སྲོལ་ལ་གཞིགས་ཏེ་རང་ཁྱིམ་དུ་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་མཐའ་དག་སྤེལ་བ་དཔེར་ན།ཕྱག་འཚལ་བ་དང་།སྨྱུང་གནས་སྲུང་བ། མཆོད་མཇལ། སྨོན་ལམ་འདེབས་པ། ཆོས་འཆད་པ། ཁ་འདོན། བསང་གཏོང་བ།མཆོད་པ་འབུལ་བ། ཁྲུས་གསོལ། སྡོམ་པ་ལེན་པ། འཆི་ཁའི་ཆོ་ག རྗེས་དྲན།ཆོས་ལུགས་དུས་ཆེན་གཏོང་བ་སོགས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པས་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེ་ཇུས་བྱེད་ཆོག་གི་མེད།བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ནང་ཆོས་སློབ་གཉེར་དང་།རྟགས་གསལ་གཏོང་པ།སྡོམ་པ་ལེན་པ། དབང་བསྐུར་བ།སྒོམ་སྒྲུབ་བྱེད་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་དང་དགོན་སྡེར་སློབ་གཉེར་བྱས་ནས་མཚན་གནས་དཔྱད་ཞིབ་རིམ་སྤོར་གྱི་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་གྱི་ཡོད་པ་དང་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་འཆར་རིམ་བཞིན་འཆར་ཅན་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད།བཟའ་འཐུང་དང་། རྒྱན་གོས། ལོ་གསར། གཉེན་སྒྲིགགཤིན་པོ་དུར་འཇུག་སོགས་ཐད་ཀྱི་དབྱི་སི་ལམ་གྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་གང་ལེགས་ཐོབ་ཡོད།ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་ལོ་ལྟར་མུའུ་སི་ལིན་སྒྲིག་འཛུགས་བྱས་ནས་སོ་ཏི་ཨ་རབ་ཏུ་གནས་མཇལ་ལ་ཁྲིད་པ་དང་།༢༠༠༧ལོ་ནས་བཟུང་ལོ་ལྟར་མི་གྲངས་ཆ་སྙོམས་ཁྲི་གཅིག་ཡན་ཟིན་གྱི་ཡོད།

     ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་བཅོས་སྒྲིག་བྱས་པ།༢༠༡༢ལོ་ནས་བཟུང་འབྲེལ་ཡོད་སྡེ་ཚན་གྱིས《ནང་བསྟན་ཆོས་ལུགས་ཀྱི་དགོན་པ་དང་ཏའོ་ཅའོ་ཆོས་ལུགས་ཀྱི་ལྷ་ཁང་ལ་དོ་དམ་བྱེད་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》ལ་གཞིགས་ཏེ་མཉམ་འབྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ“འགན་གཙང་སྤྲོད་པ”དང“ཁྲོམ་རར་ཞུགས་པ”སོགས་ཀྱི་ཟང་ཟིང་སྣང་ཚུལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཡོད།༢༠༡༧ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་སོགས་ཚན་པ་༡༢ཀྱིས《ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་ཚོང་ལས་ཅན་གྱི་གནད་དོན་སྔར་བས་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཟོས་ནས་བཀྲམ་སྟེ་ཚོང་ལས་ཀྱི་མ་རྩ་ཆོས་ལུགས་བྱེད་སྒོའི་ནང་གཏོང་རྒྱུ་བཀག་འགོག་བྱས་ནས་ཆོས་ལུགས་ལ་ཁ་གཡར་ཏེ་རྒྱུ་དངུལ་ལེན་པ་སོགས་ཀྱི་བྱེད་སྤྱོད་ཀྱི་ཐོག་ནས་ཆོས་ལུགས་བྱེད་སྒོའི་རྒྱུན་གཏན་སྒྲིག་ལམ་ཟང་ཟིང་བཟོ་རྒྱུ་བཀག་འགོག་བྱས་ཡོད།འབྲེལ་ཡོད་སྡེ་ཚན་གྱིས་དྲ་སྦྲེལ་ཐོག་གི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཆ་འཕྲིན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད།

    བཞི།ཆོས་ལུགས་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱུང་བ།

    ཀྲུང་གོས་ཆོས་ལུགས་ཁག་དུས་བསྟུན་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བསྔགས་སྐུལ་བྱས་ཏེ་དཔལ་འབྱོར་གོང་འཕེལ་དང་།སྤྱི་ཚོགས་ཞི་མཐུན།རིག་གནས་དར་རྒྱས།མི་རིགས་མཐུན་སྒྲིལ།མེས་རྒྱལ་གཅིག་གྱུར་བཅས་ལ་སྐུལ་མ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    བསྟན་དོན་དང་འདུལ་ཁྲིམས་ཐད་རྒྱལ་བབ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་སྒོ་ནས་དགོངས་འགྲེལ་ཧུར་ཐག་བྱས་པ།ཀྲུང་གོའི་ཆོས་ལུགས་ཁག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་སྔར་ནས་བཟུང་ཀྲུང་གོའི་ཕུལ་བྱུང་རིག་གནས་དང་ཕན་ཚུན་མཉམ་འདྲེས་བྱུང་སྟེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་དང་འཚམ་པའི་ཁྱད་ཆོས་ལྡན་ཡོད།ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་ཆོས་ལུགས་ཀྱི་བསམ་བློ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།གཞི་རྩའི་དད་པ་དང་། བསྟན་དོན་གཙོ་བོ། གུས་སྲོལ་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིགནང་བསྟན་ཆོས་ལུགས་ལས་རིགས་དང་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་ཆོས་འཆད་པའི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་།དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱིས“ཆོས་འཆད་འགྲེལ”ལས་དོན་སྤེལ་བ།གནམ་བདག་ཆོས་ལུགས་ལས་རིགས་ཀྱིས་དམངས་གཙོའི་ཆོས་གཉེར་ལ་སྐུལ་འདེད་གཏོང་བ།ཡེ་ཤུའི་ཆོས་ལུགས་ལས་རིགས་ཀྱིས་ལྷ་རིག་པའི་བསམ་བློ་འཛུགས་སྐྱོང་བཅས་བྱས་ནས་ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ཐད་རྒྱལ་བབ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་དགོངས་འགྲེལ་ཧུར་ཐག་བྱས་ཡོད།ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་དང་ཆོས་གཅེས་ཟུང་འབྲེལ་བྱས་ཏེ་ཚེ་འདིའི་ལས་ལ་ལྷག་པར་དོ་སྣང་བྱས་ནས་ཆོས་སྤེལ་འགྲོ་ཕན་དང་།སྤྱི་ཕན་དགེ་སྒྲུབ།རིག་གནས་སྤེལ་རེས་བཅས་ལ་སྔར་བས་གཙིགས་ཆེན་བྱེད་ཀྱི་ཡོད།ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་གནས་ལུགས་ལ་བརྩི་བཀུར་དང་ཀུན་སྤྱོད་གོང་དུ་བཀུར་བ་དང་།གནས་ལུགས་རང་བྱུང་ཁམས་ལ་བསྟུན་པ།འདོད་ཆུང་ཆོག་ཤེས།བབ་ཆགས་ཚུལ་གནས་སོགས་ཀྱི་ཆོས་ལུགས་ཀྱི་བསྟན་དོན་གཞན་བསྒྱུར་དང་དར་རྒྱུར་གཞོལ་ཏེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་སྐུལ་འདེད་གཏོང་གི་ཡོད།དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱིས་བསྟན་དོན་ནང་གི་རྒྱལ་གཅེས་དང་།ཞི་བདེ། མཐུན་སྒྲིལ། བཟོད་སྒོམ།བཏང་སྙོམས་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་རྒྱག་རྒྱུར་གཙིགས་ཆེན་བྱེད་པར་བརྟེན་དད་པ་ཡང་དག་འཛུགས་རྒྱུ་དང་།ཡིན་མིན་གསལ་འབྱེད།ཁ་ཕྲལ་ལ་ངོ་རྒོལ།ཆོས་ལུགས་ཀྱི་ཐལ་སྐྱོད་རིང་ལུགས་བཀག་འགོག་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།གནམ་བདག་ཆོས་ལུགས་ལས་རིགས་ཀྱིས་ཆོས་ཚོགས་རང་ས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཆོས་ཚོགས་ལས་དོན་གྱི་དོ་དམ་དང་གནད་དོན་གལ་ཆེན་གྱི་འཐབ་ཇུས་ཐད“དམངས་གཙོའི་ཆོས་གཉེར”ལག་བསྟར་བྱེད་ཀྱི་ཡོད།ཡེ་ཤུའི་ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོའི་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་བྱས་ནས་ཡེ་ཤུའི་ཆོས་པ་དང་ཆོས་དད་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་ཡེ་ཤུའི་ཆོས་ལུགས་དེ་བས་ལེགས་པའི་སྒོ་ནས་དེང་རབས་ཀྲུང་གོའི་སྤྱི་ཚོགས་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

    སྤྱི་ཕན་དགེ་སྒྲུབ་བྱེད་སྒོ་ཧུར་ཐག་སྤེལ་བ།༢༠༡༢ལོ་ནས་བཟུང་ཆོས་ལུགས་ལས་རིགས་ཀྱིས《ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་གཉེར་རྒྱུར་བསྔགས་སྐུལ་དང་ཚད་ལྡན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གཞིགས་ནས་ལོ་ལྟར“ཆོས་ལུགས་དགེ་སྒྲུབ་གཟའ་འཁོར”གྱི་བྱེད་སྒོ་སྤེལ་ནས་ཞལ་འདེབས་དངུལ་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་༡༠ལས་བརྒལ་ཡོད།དབུན་ཁྲོན་ས་ཡོམ་སོགས་གོད་ཆག་ཚབས་ཆེན་ནང་གེགས་སེལ་གསོལ་འདེབས་སྨོན་ལམ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་།སྟོབས་ཤུགས་གཅིག་སྡུད་བྱས་ནས་ཀུའེ་ཀྲོའུ་ཞིང་ཆེན་སན་ཏུའུ་ཧྲུའེ་རིགས་རང་སྐྱོང་རྫོང་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ།ཐབས་ལམ་སྣ་ཚོགས་ཐོག་ནས་ཞལ་འདེབས་བརྒྱབ་སྟེ་སློབ་སྐྱོར་བྱས་པ།ཆེད་ལས་སྨན་བཅོས་སྒྲིག་གཞིར་རོགས་དངུལ་བཏང་ནས་དམངས་ཕན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྨན་བཅོས་རོགས་སྐྱོབ་ཐད་མ་དངུལ་ཞལ་འདེབས་བརྒྱབ་པ།བྱེད་ཐབས་སྣ་ཚོགས་ཐོག་ནས་རྒན་རྒོན་ལ་བསྙེན་བཀུར་ཞུ་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་བ།རྒན་གསོ་ཁང་བརྒྱབ་པ་དང་དབང་པོ་སྐྱོན་ཅན་གྱི་ལུས་ཁམས་སླར་གསོ་ཁང་བཙུགས་པར་བསྡོམས་རྩིས་རགས་ཙམ་བྱས་ན།ཆོས་ལུགས་ལས་རིགས་ཀྱིས་རྒན་གསོ་ཁང་༤༠༠ལྷག་གཉེར་བར་ཉལ་ཁྲི་ཁྱོན་ཁྲི་༢.༩ཙམ་ཟིན་པ།ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དར་སྤེལ་བཏང་ནས་ནང་བསྟན་ཆོས་ལུགས་ལས་རིགས་དང་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས“ཡ་རབས་ངང་མཆོད་འབུལ”དང“ལུགས་མཐུན་ངང་ཚེ་ཐར་གཏོང་བའི”བྱེད་སྒོ་སྤེལ་ནས་སྣོད་བཅུད་དགོན་པ་དང་ལྷ་ཁང་བསྐྲུན་ཡོད།

    རང་རྟོགས་ངང་ཐལ་སྐྱོད་རིང་ལུགས་བཀག་འགོག་བྱས་པ།ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློས་མིའི་རིགས་ཀྱི་ཤེས་དཔལ་གྱི་ཐུན་མོང་མཐའ་ཚད་ལ་འགྲན་སློང་བྱེད་པར་ཕྱོགས་ནས་ཆོས་ལུགས་ལས་རིགས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཐལ་སྐྱོད་རིང་ལུགས་དང་དབྱེ་མཚམས་གསལ་པོ་ཕྱེ་སྟེ།ཆོས་ལུགས་ཀྱི་མིང་ཐོག་ནས་གཏུམ་སྤྱོད་འཇིགས་སྐུལ་དང་མི་རིགས་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་དད་པ་ཡང་དག་དང་སྤྱོད་པ་ཡང་དག་དར་སྤེལ་ཤུགས་ཆེན་བཏང་ཡོད།༢༠༡༣ལོའི་ཟླ་༡པོར་རྒྱ་བརྒྱུད་ནང་བསྟན་དང་།བོད་བརྒྱུད་ནང་བསྟན།ལྷོ་བརྒྱུད་ནང་བསྟན་བཅས་ཆོས་ལུགས་ཆེ་གྲས་གསུམ་གྱི་བླ་མ་སྐྱེས་ཆེན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་ཚོགས་འདུ་འཚོགས་ནས་ནང་བསྟན་ལས་རིགས་ཀྱི་མི་སྣ་ཚང་མས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཡང་དག་པའི་ཆོས་ལུགས་ཀྱི་ཚེ་སྲོག་གི་ལྟ་བ་སྒྲོག་འགྲེལ་བྱས་ནས་ཆོས་ལུགས་ཀྱི་བསྟན་དོན་དང་སྡོམ་ཁྲིམས་ལས་འགལ་ཏེ་མི་གཞན་རང་སྲེག་བྱེད་དུ་བཅུག་པའམ་ཡང་ན་རང་སྲེག་ངན་སྐུལ་གྱི་ཐལ་སྐྱོད་བྱེད་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་རེ་འབོད་བྱས་ཡོད།༢༠༡༤ལོའི་ཟླ་༥པར་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས《བཏང་སྙོམས་ལུགས་བརྟན་སྲུང་གིས་ཐལ་སྐྱོད་རིང་དུ་སྤོངས་དགོས》ཞེས་པའི་གྲོས་འགོའི་ཡི་གེ་བཏོན་པ་དང་རྒྱལ་ཡོངས་ཀྱི་དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་གྲགས་ཅན་མི་སྣས་ཐུན་མོང་ཐོག་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད།          ༢༠༡༦ལོའི་ཟླ་༧པར་ཀྲུང་ཧྭ་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་དང་མཉམ་དུ་ཝུའུ་ལུའུ་མུའུ་ཆི་རུ་དབྱི་སི་ལམ་ཆོས་ལུགས་ཀྱི་བཏང་སྙོམས་ལུགས་ཀྱི་བསམ་བློའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་བཏང་སྙོམས་ལུགས་ཀྱི་བསམ་བློ་དར་སྤེལ་བཏང་ཏེ་ཐུན་མོང་ཐོག་ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱས་ཡོད།༢༠༡༧ལོའི་ཟླ་༡༢པར་ཀྲུང་གོའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་མཉམ་འབྲེལ་ཐོག་གྲོས་འགོ་བཏོན་ནས་ཆོས་ལུགས་ལས་རིགས་ཀྱིས་དབྱེ་འབྱེད་ནུས་པ་ཆེ་རུ་བཏང་སྟེ་ཆོས་ལོག་གི་གནོད་འཚེ་སྔོན་འགོག་དང་བཀག་འགོག་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

    ལྔ།ཆོས་ལུགས་ཀྱི་འབྲེལ་བ་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བ།  

    ཀྲུང་གོས་ཏང་དང་སྲིད་གཞུང་དང་ཆོས་ལུགས་དང་།སྤྱི་ཚོགས་དང་ཆོས་ལུགས།རྒྱལ་ནང་གི་ཆོས་ལུགས་མི་འདྲ་བ།ཀྲུང་གོའི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས།ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་སྤྱི་དམངས་སོགས་ཀྱི་འབྲེལ་བ་སྣ་ཚོགས་ཐག་གཅོད་ཡག་པོ་བྱས་པས་དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་ཆགས་ཡོད།

    ཏང་དང་སྲིད་གཞུང་དང་ཆོས་ལུགས་ལས་རིགས་ཀྱི་འབྲེལ་བ་ཞི་མཐུན་མཉམ་འདྲེས་ཡོད་པ།ཀྲུང་གོ་གུང་ཁྲན་ཏང་གིས“ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་དད་པའི་ཐད་ཕན་ཚུན་བརྩི་འཇོག”གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ལས་རིགས་དབར་གྱི་འབྲེལ་བ་ཐག་གཅོད་བྱས་པ་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།མིག་སྔར་ཀྲུང་གོར་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁྲི་༢ཙམ་གྱིས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་འཐུས་མི་དང་ཨུ་ཡོན་གྱི་འགན་ཁུར་ནས་སྲིད་ཞུགས་སྲིད་གྲོས་ཧུར་ཐག་དང་དམངས་གཙོའི་ལྟ་སྐུལ་ལག་བསྟར་བྱེད་བཞིན་ཡོད།༡༩༩༡ལོ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ལོ་ལྟར་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་མི་སྣའི་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་གསན་གྱི་ཡོད།རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་མི་སྣའི་མཐུན་འབྲེལ་གྲོགས་སྒྲིག་ལམ་སྲོལ་ཡོངས་ཁྱབ་ངང་ནས་བཙུགས་པར་བརྟེན་ཤེས་རྟོགས་གཏིང་ཟབ་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད།

    སྤྱི་ཚོགས་ཀྱིས་ཆོས་ལུགས་ལ་བསྟུན་མཁས་ཀྱི་རྣམ་འགྱུར་འཛིན་པ།ལོ་ཉིས་སྟོང་ལྷག་ཙམ་རིང་ནང་བསྟན་ཆོས་ལུགས་དང་།དབྱི་སི་ལམ་ཆོས་ལུགས།གནམ་བདག་ཆོས་ལུགས།ཡེ་ཤུའི་ཆོས་ལུགས་སོགས་སྔ་རྗེས་སུ་ཀྲུང་གོར་དར་བ་དང་ཆོས་ལུགས་རྒྱབ་ལྗོངས་སུ་བྱེད་པའི་གདོང་ཐུག་དང་ཁ་གཏད་དུ་ལངས་པའི་གནས་ཚུལ་ཐོན་ཉུང་བ་དང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཆོས་ལུགས་སྣ་ཚོགས་དང་རྣམ་པ་སྣ་ཚོགས་ཀྱི་དམངས་ཁྲོད་དད་པར་སྒོ་དབྱེའི་རྣམ་འགྱུར་འཛིན་པས་ཆོས་དད་རང་མོས་དང་དམངས་ཁྲོད་ཀྱི་དད་པའི་སྣ་མང་རང་བཞིན་ལ་བརྩི་འཇོག་ཐོབ་ཡོད།ཆོས་ལུགས་ཁག་གིས་དུས་ཡུན་རིང་པོའི་རིང་གི་ཀྲུང་གོ་ཅན་དང་རང་ཡུལ་ཅན་གྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བཏང་ནས་རང་འགུལ་ངང་སྤྱི་ཚོགས་དང་འཚམ་མཐུན་བྱས་པ་དང་རྒྱལ་གཅེས་ཆོས་གཅེས་དང་།མཐུན་སྒྲིལ་ཡར་ཐོན།སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ།ཞི་མཐུན་བསྟུན་མཁས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རང་རྟོགས་ངང་རྒྱལ་ཁབ་ཀྱི་ཁེ་ཕན་དང་།སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན།སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཡོད།༢༠༡༦ལོར་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་ས་གནས་ཁག་ཏུ་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་༧༡འཁོར་བར་དྲན་གསོ་ཞུ་བའི་ཞི་བདེའི་སྨོན་ལམ་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་ལྷིང་སྲུང་སྐྱོང་དང་འཛམ་གླིང་ཞི་བདེ་ཡོང་བའི་རེ་འབོད་བྱས་ཡོད།

    ཆོས་ལུགས་ཁག་གིས་སྤེལ་རེས་དང་སྐད་ཆ་ཤོད་རེས་ཧུར་ཐག་བྱས་པ།ལོ་རྒྱུས་ཐོག་ཆོས་ལུགས་ཁག་ཀྲུང་གོར་མཉམ་འདྲེས་མཉམ་གནས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།དེང་རབས་ཆོས་ལུགས་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་བྱས་ཏེ་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་ཏེ“ཆོས་ལུགས་རིགས་ལྔ་མཉམ་དུ་དར་སྤེལ་བཏང་ནས་ཐུན་མོང་ཐོག་ཞི་མཐུན་གཏོད་པའི”ཡུལ་ཁམས་གསར་པ་ཞིག་བཏོད་ཡོད།རྒྱལ་ཡོངས་རང་བཞིན་དང་ས་གནས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གཅིག་གིས་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བཙུགས་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་གྲོས་མོལ་དང་སྦྲེལ་མཐུད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་གླེང་མོལ་བྱེད་ཐབས་བཏོད་པར་བརྟེན་ཕན་ཚུན་དབར་བསམ་ཤེས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད།

    ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་རྒྱ་ཁྱབ་ངང་སྤེལ་བ།རང་ཚུགས་རང་རྟེན་དང་།འདྲ་མཉམ་མཛའ་གྲོགས།ཕན་ཚུན་བརྩི་འཇོག་བཅས་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་༨༠ལྷག་ཙམ་གྱི་ཆོས་ལུགས་རྩ་འཛུགས་དང་མཛའ་གྲོགས་འབྲེལ་བ་བཙུགས་ནས་ཤེས་དཔལ་དང་།ཆོས་དད། ཆོས་ལུགས་མི་འདྲ་བ་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུར་ཧུར་ཐག་ཞུགས་པ་དང་།འཛམ་གླིང་ཡེ་ཤུའི་ཆོས་ལུགས་ཆོས་ཚོགས་ཀྱི་མཉམ་འབྲེལ་ཚོགས་འདུ་དང་།འཛམ་གླིང་གི་ནང་བསྟན་ཆོས་དད་པའི་མཐུན་འབྲེལ་ཚོགས་འདུ།དབྱི་སི་ལམ་གྱི་འཛམ་གླིང་མནའ་འབྲེལ།འཛམ་གླིང་ཆོས་ལུགས་པའི་ཞི་བདེའི་ཚོགས་འདུ་སོགས་རྒྱལ་སྤྱིའི་རང་བཞིན་གྱི་རྩ་འཛུགས་ཀྱི་བྱེད་སྒོའི་ནང་རྒྱ་ཁྱབ་ངང་ཞུགས་པ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ།ཕྱོགས་གཉིས་དང་ཕྱོགས་མང་གི་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོའི་ནང་ཞུགས་པ་བཅས་བྱས་ཡོད།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དང་ལེན་ཧུར་ཐག་ཞུས་ཏེ་དམངས་སེམས་མཉམ་མཐུན་དང་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད།ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་སྐབས་བཞི་པའི་འཛམ་གླིང་ནང་བསྟན་ཆོས་ལུགས་ཀྱི་གླེང་སྟེགས་གཉེར་བ་དང་ཏའོ་ཅའོ་ཆོས་ལུགས་ཀྱིས་སྐབས་བཞི་པའི་རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་ཀྱི་གླེང་སྟེགས་གཉེར་ཡོད།གླེང་སྟེགས་འདི་གཉིས་རྒྱལ་ཁབ་ཕྱི་ནང་གི་ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་གལ་ཆེན་དུ་གྱུར་ཡོད།

    ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་༢༠༡༢ལོ་དང་༢༠༡༤ལོར་ཐུར་ཁེ་དང་མ་ལེ་ཞི་ཡར་བསྐྱོད་དེ་དབྱི་སི་ལམ་རིག་གནས་འགྲེམས་སྟོན་བྱེད་སྒོ་གཉེར་ཡོད།ཀྲུང་གོ་དང་ཨ་རིའི་ཡེ་ཤུའི་ཆོས་ཚོགས་ཀྱིས་༢༠༡༣ལོར་ཧྲང་ཧའེ་རུ“སྐབས་གཉིས་པའི་ཀྲུང་གོ་དང་ཨ་རིའི་ཡེ་ཤུའི་ཆོས་ལུགས་ཀྱི་གཙོ་འཛིན་གླེང་སྟེགས”གཉེར་བ་དང་༢༠༡༧ལོར་ཨ་རིར“ཀྲུང་གོའི་ཆོས་ཚོགས་ལས་དོན”གྱི་སྤེལ་རེས་ཚོགས་འདུ་འཚོགས་ཡོད།༢༠༡༦ལོར་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་དང་།ཀྲུང་གོ་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས།ཀྲུང་གོ་གནམ་བདག་ཆོས་ལུགས་ཀྱི་རྒྱལ་གཅེས་ཚོགས་པ་དང་ཆོས་དཔོན་གཙོ་བོའི་ཚོགས་པ་བཅས་ཀྱིས་འཇར་མན་གྱི་གསར་ཐོན་ཆོས་ལུགས་མནའ་འབྲེལ་དང་མཉམ་དུ་འཇར་མན་དུ“ཀྲུང་འཇར་ཆོས་ལུགས་ཀྱི་གླེང་མོལ——ཞི་བདེ་དང་མཉམ་སྤྱོད”ཅེས་པའི་ཆོས་ལུགས་ཀྱི་གླེང་མོལ་བྱས་ཡོད།སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཆོས་ལུགས་ཚོགས་པ་ཁག་གིས་བཏང་བའི་ཕྱི་སྦྱོང་སློབ་མ་ཆིག་སྟོང་ལས་བརྒལ་ཡོད།

    ཆོས་ལ་དད་པ་བྱེད་མཁན་དང་ཆོས་ལ་དད་པ་མི་བྱེད་མཁན་སྤྱི་དམངས་འཆམ་མཐུན་མཉམ་གནས་ཡོད་པ།ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ཀྱིས་ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་ཀྱི་ཆོས་དད་ལ་བརྩི་འཇོག་བྱས་ནས།ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་དང་ཟུར་འབུད་བྱེད་ཀྱི་མེད།ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་ཀྱིས་ཆོས་ལ་དད་པ་མི་བྱེད་མཁན་སྤྱི་དམངས་ཀྱི་ཆོས་དད་གདམ་གར་བརྩི་འཇོག་བྱེད་ཀྱི་ཡོད།ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་མང་བའི་ས་ཆར་གྲངས་ཉུང་གི་ཆོས་དད་སྤྱི་དམངས་ཀྱི་ཁྲིམས་མཐུན་དབང་ཆར་བརྩི་འཇོག་དང་སྲུང་སྐྱོང་ཐོབ་ཡོད།ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་མང་བའི་ས་ཆར་གྲངས་ཉུང་གི་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ཀྱི་དབང་ཆར་བརྩི་འཇོག་དང་སྲུང་སྐྱོང་གཅིག་པ་ཐོབ་ཡོད།

    མཇུག་བསྡུའི་གཏམ།

    ཆོས་ལུགས་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་ཆ་ནུས་ལྡན་ཞིག་རེད།ཆོས་དད་རང་མོས་འགན་ལེན་དང་ཆོས་ལུགས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས་ཆོས་ལུགས་དུས་རབས་དང་འཚམ་པ་བྱེད་པ་དང་།ཆོས་ལུགས་ཐལ་སྐྱོད་རིང་ལུགས་བཀག་འགོག་བྱ་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕྲད་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཞིག་རེད།ཀྲུང་གོས་ཆོས་ལུགས་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཆོས་ལུགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ནས་ཁྲིམས་ལྟར་ཆོས་དད་རང་མོས་འགན་ལེན་དང་།ཆོས་ལུགས་འབྲེལ་བ་ཞི་མཐུན་ལ་སྐུལ་འདེད།ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་ཀྱི་གྲུབ་འབྲས་ཐོབ་པའི་འགྲོ་ལམ་ཐོག་བསྐྱོད་ཡོད།ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་སྒྲོན་ནང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསལ་པོ་བསྟན་ཡོད།ཀྲུང་གོས་སྔ་ཕྱི་བར་གསུམ་དུ་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་ལེན་བྱས་ནས་འབྱོར་ཕྱུག་དང་།དམངས་གཙོ། ཤེས་དཔལ། ཞི་མཐུན།མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཧུར་ཐག་བསྐྲུན་རྒྱུ་རེད།