སྐད་དང་ཡི་གེའི་དགོས་གལ་རང་བཞིན་གླེང་བ།

རྩོམ་པ་པོ།   དངུལ་མཚོ་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2018-04-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྤྱིར་མཁས་པའི་དབང་པོ་ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས་སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།།རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།  ཞེས་གསུངས་པ་ནང་བཞིན།དུས་རབས་གསར་བའི་ནང་དུ་སྐད་རིགས་སྣ་ཚོགས་ཤེས་ན་རང་གི་རྒྱན་ཡིན་མོད།འོན་ཏང་སྐད་དང་ཡི་གེ་ནི་རང་གི་བླ་སྲོག་ལྟ་བུ་ཡིན་ཕྱིར།རང་གི་ཕ་སྐད་ལ་དོ་སྣང་མི་བྱེད་པའམ་ཕ་སྐད་མི་ཤེས་པ་ནི་ངོ་ཚ་སྐྱེས་དགོས་པའི་གནས་ཤིག་ཡིན་པས།  དེའི་རིན་ཐང་དང་དགོས་གལ་རང་བཞིན་ངེས་པར་དུ་ཤེས་རྒྱུ་གལ་ཆེའོ།། 


            དེ་ཡང་དཔལ་འབྱོར་གྱི་འཕེལ་རྒྱས་རབ་ཏུ་རྒོད་པའི་དུས་རབས་གསར་བའི་ནང་དུ་གོང་འགོ་ཁྲིད་དང་བར་ལས་བྱེད།འོག་སློབ་མ་བཅས་སྤྱི་ཚོགས་ཡོངས་ལ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ལྷག་བཞིན་པ་ནི།མི་རིགས་རང་གི་སྐད་དང་ཡི་གེ་ལ་བརྩི་མཐོང་དང་དོ་སྣང་མི་བྱེད་པ་མ་ཟད།ཕན་ཚུན་གྱི་བར་ལ་བོད་སྐད་ཁྱ་མ་འཁྱོག་རེའི་ནང་དུ་གཞན་སྐད་ཉ་མ་ཉོག་རེ་བསྲེས་ནས་རང་ཉིད་ཅིག་ཡིན་མདོག་སྟོན་གྱིན་པ་དང་།བོད་ཡིག་བསླབ་ནས་བོད་སྐད་བཤད་ན་མདུན་ལམ་རྒྱ་མི་ཆེ་ཚུལ་དང་རྗེས་ལུས་ཡིན་ཁུལ་ལབ་ཅིང་བསམ་གྱིན་པའི་སྣང་ཚུལ་དག་རེད།འདི་ནི་དཔལ་འབྱོར་གྱིས་དེད་པའི་སྐད་དང་ཡི་གེའི་ཉེན་ཁ་ཞིག་ཡིན་ལ།མི་རིགས་དེའི་དཔལ་འབྱོར་འཕེལ་རྒྱས་མེད་པའི་མངོན་རྟགས་ཤིག་ཀྱང་ཡིན་ཏེ།བློ་མཐུན་སི་ཏ་ལེན་གྱིས་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་ཐོག་མར་མི་རིགས་དེའི་སྐད་དང་ཡི་གེ་རྩ་མེད་དུ་གཏོང་དགོས་པ་དང་།དེ་ནས་མི་རིགས་དེ་རང་བཞིན་གྱིས་མེད་པར་ཆགས་འགྲོ་ཞེས་གསུངས་པ་ཇི་བཞིན།སྐད་དང་ཡི་གེ་ལ་གས་ཆགས་ཤོར་བ་ནས་བཟུང་མི་རིགས་དེའི་ཡུན་རིང་འཚོ་གནས་ལ་བར་ཆད་ཤོར་བ་ཡིན་ལ།མི་རིགས་དེ་མེད་པར་ཆགས་པ་དང་མཉམ་དུ་མི་རིགས་དེའི་རྩ་ཆེ་ཞིང་རིན་ཐང་བྲལ་བའི་རིག་གནས་ཀྱང་མེད་པར་ཆགས་འགྲོ།ལག་པ་བྲང་ཁར་བཞག་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཞིང་བློ་རྩེ་ཉི་ཤུ་རྩ་ལྔ་གཏད་དེ་བསམ་ན།མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གིས་སྐད་དང་ཡི་གེ་ཇི་ལྟར་ཇེ་ཉུང་དུ་སོང་པ་དེ་ལྟར་དུ་མིའི་འཇིག་རྟེན་དུ་བསམ་བློ་དང་རིག་གནས་སྣ་ཁ་ཇེ་ཉུང་དུ་འགྲོ་བ་ཡིན་ཞེས་གསུངས་པ་ནང་བཞིན།དེ་ནི་མི་རིགས་དེ་ཁོ་ནའི་གྱོང་གུད་ཙམ་མ་ཡིན་པར།རིག་གནས་ལ་དགའ་བའི་མིའི་རིགས་ཡོངས་ཀྱི་གྱོང་གུད་ཅིག་ཡིན་པ་མ་ཟད།གོ་ལ་ཧྲིལ་བོའི་རིག་གནས་ཁམས་ཀྱི་གོད་ཆག་ཆེན་པོ་ཞིག་ཀྱང་ཅིས་མ་ཡིན།


            དེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ།། ཅེས་གསུངས་ཡོད་པ་བཞིན།མི་སུ་དང་སུ་ཡིན་ཡང་རང་རང་སོ་སོའི་གནས་མལ་ནས་རང་ནུས་ཅི་ལྕོགས་ཀྱིས་རང་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་དང་ཡི་གེ་ལ་དང་དོད་དང་བརྩོན་པ་བྱེད་རྒྱུ་གལ་ཆེ་ཞིང་།ཕ་སྐད་གཙང་མ་ཞིག་ཅི་ནུས་གང་དྲགས་ཀྱིས་བཤད་པར་འབད་པ་ཧུར་ལེན་བྱེད་དགོས། 

            ཆེས་མ་མཐའ་ཡང་བོད་ཀྱི་སྐད་དང་ཡི་གེ་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པ་མ་ཟད།ཀྲུང་གོ་རྒྱལ་ཁབ་ཀྱི་རིག་གནས་བང་མཛོད་ནང་གི་ནོར་བུ་རྩ་ཆེན་ཞིག་ཡིན་པ་ཡང་ཤེས་དགོས་ལ།འཛམ་གླིང་སྤྱིའི་རིག་གནས་བང་མཛོད་ཀྱི་ནོར་བུ་རིན་ཐང་དང་བྲལ་བ་ཞིག་ཡིན་པར་ངེས་ཤེས་ཟབ་མོ་འདྲོངས་དགོས།དེ་ལྟར་རང་གི་རིགས་ལ་ཞེན་པའི་སྙིང་རུས་སྲ་མཁྲེགས་དང་ལྡན་པ་དེས་བོད་ཀྱི་སྐད་དང་ཡི་གེར་མཐའ་གཅིག་ཏུ་འབད་བརྩོན་བྱེད་དགོས་ཤིང་།དེ་ལ་འབད་བརྩོན་བྱེད་པ་ནི་འདས་པའི་ལོ་རྒྱུས་དང་ད་ལྟའི་འཚོ་གནས།མ་འོངས་པའི་འཚོ་སྟངས་བཅས་ལ་བདག་པོ་བྱེད་པ་དང་ཨ་ན་མ་ན་ཡིན་ལ།མིའི་རིགས་ཀྱི་མཚར་སྡུག་འོད་སྟོང་ལྡན་པའི་རིག་གནས་ཀྱི་ཁམས་ཆེན་མོར་ཤེས་རབ་ཀྱི་འོད་ཐིགས་སྩོལ་བ་དང་གཅིག་པ་གཅིག་མཚུངས་ལགས་སོ།།