ཡུན་ནན་གྱི་སྤྲེའུ་སྤུ་སེར་པེ་ཅིང་སྲོག་ཆགས་གླིང་གར་ཞུགས་རྒྱུ་རེད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

           ཟླ3པའི་ཚེས23ཉིན་ནས་ཚེས25ཉིན་བར།   པེ་ཅིང་སྲོག་ཆགས་གླིང་གའི་ཡོན་ཀྲང་ལི་ཞའོ་ཀོང་གིས་སྲོག་ཆགས་ཞིབ་འཇུག་མཁས་པའི་སྣེ་ཁྲིད་ནས་ཡུན་ནན་བདེ་ཆེན་ཁུལ་གྱི་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འབྱོར་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་།  ཕྱོགས་གཉིས་ཀྱིས་པེ་ཅིང་སྲོག་ཆགས་གླིང་ག་ནས་ཡུན་ནན་གྱི་སྐྱེ་དངོས་གཙོ་བོ་སྤྲེའུ་སྤུ་སེར་ཞིབ་འཇུག་འགྲེམས་ཁུལ་འཛུགས་རྒྱུའི་ཕྱོགས་ལ་ངོས་འཛིན་གཅིག་མཐུན་བྱུང་བ་རེད། 

           ཡུན་ནན་གྱི་སྤྲེའུ་སྤུ་སེར་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་ཡིན་ལ།   འཛམ་གླིང་ན་མཐོང་དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས་ཀྱི་རིགས་ཤིག་ཀྱང་ཡིན།    སྲུང་སྐྱོང་ས་ཁུལ་བཙུགས་པ་བརྒྱུད་དེ་ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱིས་རྒྱུད་སྤེལ་འཚོ་གནས་བྱེད་པར་ཁོར་ཡུག་གི་ཆ་རྐྱེན་བསྐྲུན་རྒྱུ་དང་།    ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་རིགས་རྒྱུད་དང་གྲངས་འབོར་ཇེ་མང་གཏོང་བར་ནུས་ཤུགས་གཏོང་རྒྱུ་རེད།   མིག་སྔར་འགྲེམས་ཁུལ་ཉུང་བས་མི་མང་བོས་རྩ་ཆེའི་རི་དྭགས་དོམ་ཁྲ་བཞིན་སྤྲེའུ་སྤུ་སེར་ལ་བལྟ་བའི་གོ་སྐབས་ཤིན་ཏུ་ཉུང་བ་རེད།   

              པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་འགན་འཁུར་བས་བཤད་དོན།   སྲུང་སྐྱོང་ཁུལ་གྱིས་སྲུང་སྐྱོང་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས།   མི་མང་བོར་ཡུན་ནན་གྱི་སྤྲེའུ་སྤུ་སེར་མཐོང་ཐུབ་ཏུ་འཇུག་པ་དང་།   འཛམ་གླིང་ཡོངས་ལ་ཡུན་ནན་གྱི་སྤྲེའུ་སྤུ་སེར་བརྒྱུད་ནས་སེམས་ཀྱི་ཉི་ཟླ་ལ་ངོས་འཛིན་གཏིང་ཟབ་མོ་ཞིག་ཡོད་དུ་འཇུག་དགོས།     སྔར་ལས་ལྷག་པར་མི་མང་བོ་ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་བྱ་འགུལ་ནང་ཞུགས་སུ་འཇུག་རྒྱུ་ནི་མིག་སྔར་ཡུན་ནན་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཧུར་བརྩོན་བྱེད་པའི་ཁ་ཕྱོགས་ཡིན།    མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ།  སྲུང་སྐྱོང་ཁུལ་གྱིས་པེ་ཅིང་དང་། ཧྲང་ཧའེ།  ཀོང་ཀྲོའུ།  ཁུན་མིང་སོགས་གྲོང་ཁྱེར་གྱི་སྲོག་ཆགས་ཞིབ་འཇུག་ཁང་དང་སྲུང་སྐྱོང་སྒྲིག་གཞི་བཅས་དང་མཉམ་ལས་བྱས་ཏེ་ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་ཞིབ་འཇུག་ཁང་དང་འགྲེམས་སྟོན་སྟེགས་བུ་འཛུགས་རྒྱུའི་འཆར་གཞི་ཡོད་ལ།   ཡུན་ནན་གྱི་སྤྲེའུ་སྤུ་སེར་རྒྱལ་ཡོངས་དང་འཛམ་གླིང་རང་བཞིན་ལ་ཁ་ཕྱོགས་པར་བརྩོན་རྒྱུ་ཡིན།  

              ངོ་སྤྲོད་བྱས་པར་གཞིགས་ན།      པེ་ཅིང་སྲོག་ཆགས་གླིང་ག་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་ཞིང་། ཀྲུང་གོའི་ཆེས་ཆེ་བའི་སྲོག་ཆགས་གླིང་གའི་གྲས་ཤིག་ཡིན་པ་དང་། ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1000 ཙམ་ལ་སྣེ་ལེན་ཞུ་བཞིན་ཡོད།    སྤྱི་གླིང་དེ་སྤྱི་ལོ1906ལོ་སྟེ་ཆིང་རྒྱལ་རབས་ཀྱི་གོང་མ་ཀོང་ཞུའི་ལོ་སུམ་ཅུ་སོ་གཉིས་པར་གསར་འཛུགས་གནང་བ་ཞིག་རེད།  སྤྱིའི་ས་ཁྱོན་ལ་སྤྱི་ཆིང་86ཡོད།        ཆུ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་8.6ཡོད།   ཀྲུང་གོའི་ཕྱི་ཕྱོགས་ལ་སྒོ་འབྱེད་པ་སྔ་ཤོས་ཀྱི་སྲོག་ཆགས་གླིང་ག་ཞིག་དང་སྲོག་ཆགས་ཀྱི་རིགས་གསོ་ཚད་མང་བའི་སྲོག་ཆགས་གླིང་ག་ཞིག་ཡིན་པ་རེད།   གླིང་གའི་ནང་དུ་ཁྱོན་བསྡོམས་སྲོག་ཆགས་རིགས500དང་སྲོག་ཆགས་ཀྱི་གྲང་འབོར5000ལྷག་ཡོད།   ཉ་དང་མཚོ་ནང་གི་སྐྱེ་དངོས་རིགས500ལྷག་ཡོད།    ཕྱོགས་གཉིས་ཀྱིས་དཔྱད་གླེང་བྱས་པ་བརྒྱུད་ནས་པེ་ཅིང་དུ་རྒྱལ་ནང་གི་ཆེས་ཐོག་མའི་ཡུན་ནན་གྱི་སྤྲེའུ་སྤུ་སེར་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཞིག་འཛུགས་རྒྱུ་ཡིན་ལ།   རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡུན་ནན་གྱི་སྤྲེའུ་སྤུ་སེར་ལ་ངོས་འཛིན་གསར་བ་ཞིག་བྱེད་པར་རམ་འདེགས་ཀྱི་ནུས་པ་མི་དམན་པ་ཞིག་ཐོན་རྒྱུ་རེད།   །