དྲིན་ཕ་ལོ་དྲན་ཐེངས་ཇེ་མང་རེད།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-03-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 


        ཁ་བ་འབབ་ཐེངས་ཤིག་གིས་མ་གཞི་ནས་ཕ་ཡུལ་དྲན་པའི་གདུང་བ་དེ་ཇེ་དྲག་ཏུ་བཏང་།    མཚམས་རེར་གནང་བ་ཞུས་ནས་ཕ་ཡུལ་དུ་ལོག་ཀྱང་བསམ་མོད།   འཚོ་བ་དང་བྱ་བའི་རྒྱུ་རྐྱེན་ཅི་རིགས་ཀྱི་དབང་གིས་རྒྱང་རིང་གི་ཕ་ཡུལ་དུ་ལོག་རྒྱུ་ནི་དངོས་ནས་ལས་སླ་མོ་ཞིག་མ་རེད།    

རྫོང་པ་ནགས་ལྕོག་རི་བོའི་རྩེ་མོར་དཔྱིད་ཟླ་གསུམ་པའི་ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་པ་འདིས་ང་ལ་ཡང་བསྐྱར་དགུན་གྱི་སྣང་བ་ཞིག་ཉམས་སུ་མྱོང་དུ་བཅུག      ང་ནི་མ་གཞི་ནས་དགུན་གྱི་ཁ་བའི་མཛེས་ལྗོངས་ལ་བལྟ་རྒྱུར་ཤིན་ཏུ་དགའ་ཞིང་ཆུང་དུས་ཁ་བ་འབབ་པར་རེ་སྒུག་གང་མང་བྱས་མྱོང་།    ངས་རླུང་གིས་དེད་པའི་ཁ་བའི་འདབ་མ་རེ་རེ་གདོང་གིས་བསུ་བཞིན་ནགས་འདབས་སུ་སོང་བ་དང་།ལྷིང་འཇགས་ཀྱི་གྲུ་ཟུར་ཞིག་ནས་ཁ་བ་མར་མར་འབབ་པའི་སྣང་བརྙན་ལ་བལྟ་དུས་ཕ་ཡུལ་ཕྱོགས་ཀྱི་ཕ་མ་གཉིས་ཀྱང་ཡིད་ལ་ཝ་ལེར་དྲན་བྱུང་ལ།    ལྷག་པར་ཨ་ཕ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གང་མང་ཞིག་སེམས་ཀྱི་འཆར་ཡོལ་ངོས་ལ་ག་ལེར་དྲན་འགོ་བརྩམས།   

       ད་ལྟ་ཕྱིར་དྲན་བྱས་པ་ན།   རང་རྒྱུད་ཀྱི་གཤིས་ཀ་དང་མི་ཚེའི་ལྟ་སྟངས་མང་པོ་ཞིག་ནི་ཨ་ཕའི་སློབ་གསོ་དང་ཁ་བརྡ།  འབྲེལ་འདྲིས་ལས་བྱུང་བའི་ངེས་ཤེས་ཐོབ་ཀྱི་འདུག     བྱིས་དུས་ཀྱི་སྣང་ངོར་ཨ་ཕ་ནི་མི་བཙན་པོ་ཞིག་ཡིན།   སྡང་མིག་ཅིག་སྟོན་པའམ་སྐད་ཅོར་ཅིག་བརྒྱབ་པས་ཀྱང་ང་ཚོ་ཁུ་སིམ་མེར་གཏོང་ཐུབ།   ཁོང་ཁྲོ་ལངས་པ་ཡིན་ན་ང་ཚོ་སྒོ་ལ་འདེད་ངེས་ཡིན།    ཡིན་ཡང་དུས་མང་པོར་ཁོ་ནི་བྱམས་བརྩེ་ལྡན་པའི་མི་ཞིག་ཡིན།   རྒྱུན་པར་རེབ་གོང་རྫོང་ཐོག་ནས་ང་ཚོ་ལ་སིལ་ཏོག་དང་རྩེད་སྤྱད་སྣ་རེ་གཉིས་ཉོས་ཡོང་ལ་བརྒྱུད་རིམ་དེ་དག་ངས་ནམ་ཞར་དྲན་བཞིན་ཡོད།   ལས་ཀའི་བར་གསེང་ན་ཨ་ཕ་ལ་ཁོམ་ལོང་མེད།   ང་དང་ཕུ་བོ་གཉིས་འདུག་མ་ཐུབ་པར་མཚམས་རེར་ཨ་ཕའི་སྒོར་ཁུག་ནས་སྒོར་མོ་གཅིག་རེ་གཉིས་རེ་བརྐུས་ནས་ཀ་ར་ཉོས།    མཚམས་རེར་དུ་བ་རྐང་གཅིག་རེ་ཡང་བརྐུས་ནས་ཨ་ཕའི་ལད་མོ་བྱས།    སྟབས་ལེགས་པ་ཞིག་ལ་ཨ་ཕས་ཐེངས་གཅིག་ལ་ཡང་ཚོར་མ་བྱུང་།     ཆུང་དུས་ཀྱི་འཚོ་བ་ནི་དགའ་སྣང་དང་མཚར་སྣང་གི་སྒོ་ནས་དེ་ལྟར་འདས།    དམའ་འབྲིང་འགྲིམ་པའི་སྐབས་དེར་རྫོང་ཐོག་ལ་ཕར་འགྲོ་ཚུར་ཡོང་གི་སྐབས་གང་ཡིན་ཀྱང་ཨ་ཕས་ངེས་པར་ང་ཚོའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་བརྩེ་བའི་འོ་བྱེད་པ་དང་།   དེ་ནི་ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཡོད་པས་འདི་ཡང་ཨ་ཕས་བུ་དང་བུ་མོ་ཚོར་བཅང་བའི་བླ་མེད་ཀྱི་བརྩེ་བ་མཚོན་བྱེད་ཅིག་ཅི་ལ་མིན།  


       བསོད་ནམས་ཀྱི་བགོ་སྐལ་དུ་སྨིན་པ་ཞིག་ལ་ཁྱིམ་ཚང་ནང་དུ་དཀའ་ཁག་ཅི་ལྟ་བུ་ཞིག་ལ་འཕྲད་ཀྱང་ཨ་ཕས་ང་རང་སློབ་གྲྭར་བསྐྱལ་རྒྱུའི་ཆོད་སེམས་དེར་འགྱུར་ལྡོག་གཏན་ནས་མ་བྱུང་།    ཁྱིམ་ཚང་དཀྱུས་མ་ཞིག་ལ་མཚོན་ནས་བཤད་ན་ལོ་རེར་བྱིས་པའི་སློབ་ཡོན་ལ་སྒོར་སྟོང་ལྔ་རེ་གྲ་སྒྲིག་བྱེད་རྒྱུ་ནི་འགན་འཁུར་སླ་མོ་ཞིག་རྩ་བ་ནས་མ་རེད།   ཡིན་ན་ཡང་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་སྔར་བཞིན་རྒྱུན་བསྐྱངས་ཏེ་སློབ་མཐར་ཕྱིན་རག་བར་དུ་དཀའ་སྡུག་གང་མང་མྱངས།     ནུབ་བྱང་མི་རིགས་སློབ་ཆེན་ལ་སོང་དུས་ཕ་མ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཇེ་ཉུང་དུ་གྱུར་བ་དང་།    རང་ལ་ཡང་བསམ་གཞིགས་བྱེད་པའི་ནུས་པའམ་བློ་བསྐྱེད་མི་དམན་པ་རེ་ཐོབ་པའི་འགོ་བརྩམས་པ་འདྲ།     དེ་དུས་ཨ་ཕས་རྒྱུན་དུ་བུ་ཞིག་ཡིན་ན་སེམས་རྒྱ་དང་ཁོག་རྒྱ་ཆེ་དགོས་པ་དང་།    དུས་ཚོད་དང་སྒོར་མོ་ཆུད་ཟོས་སུ་མི་གཏོང་བར་རིག་གནས་ཡོན་ཏན་ཞིག་སྦྱང་དགོས་པའི་གནས་ལུགས་མང་པོ་ཞིག་བཤད་བྱུང་ལ།  སྐབས་ཐོག་དེར་ཡོངས་སུ་སེམས་ལ་མ་ཚུད་ཀྱང་ད་ལྟ་དྲན་པ་ན་སྐད་ཆ་དེ་དག་གིས་སྔར་བཞིན་མི་ཚེའི་ལྟ་སྟངས་དང་འགྲོ་ལུགས་སོགས་ལ་རྔོ་ཆེན་པོ་ཐོགས་འདུག    

       ཨ་ཕ་ལགས་ཆུང་དུས་ལུག་རྫིའང་བཅོས་མྱོང་།   དེ་དུས་རི་ནས་རྒན་པ་ཚོའི་ངག་ལས་གཏམ་དཔེ་དང་ཨ་མྱེས་གེ་སར་གྱི་སྒྲུང་མང་པོ་ཉན་པའི་གོ་སྐབས་འཛོམས་འདུག    དབྱར་གནང་དང་དགུན་གནང་གི་སྐབས་སུ་ཨ་ཕས་སྒྲུང་དུམ་པ་རེ་བཤད་པ་ན་བྱིས་དུས་ཀྱི་སེམས་ངོར་མཚར་སྣང་དང་མཛེས་སྡུག་གང་མང་བསྐྲུན་ཡོད།     ཨ་ཕ་ནི་ཁ་བདེ་ལྕེ་བདེ་ཅན་ཞིག་ཡིན་པ་མ་ཟད་རྐང་ལག་ཀྱང་བདེ་མོ་མྱུར་མོ་རྩལ་ཆེ་བ་ཞིག་ཡིན་པས་ནར་སོན་རྗེས་ཨ་ཕ་འདྲ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་བློ་ཡང་ཐེངས་མང་པོ་སྐྱེས་མྱོང་།     བྱ་བར་ཞུགས་རྗེས་རིམ་བཞིན་འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་དུ་སོང་བ་དང་།    ང་ནི་ཁྱིམ་ནང་ལ་ཅ་ལག་ཉོ་རྒྱུར་ཤིན་ཏུ་དགའ་མཁན་ཞིག་ཏུ་ཆགས་ཡོད།    དེ་ཡང་ཞིབ་ཏུ་མདང་རྒྱབ་པ་ན་དེ་ནི་ཨ་ཕའི་གོམས་གཤིས་ལས་ཤུགས་རྐྱེན་ཐེབས་པར་་འདྲ་ཞིང་།    ངའི་སྣང་ངོར་ཨ་ཕ་རྒྱུན་དུ་དཀར་ཡོལ་འབྲུག་རིས་མ་དང་།   ཟངས་དེམ།   གྲི་ཆུང་སོགས་ཉོ་བར་ཤིན་ཏུ་དགའ།   ཁྱིམ་ཚང་ཞེས་པའི་ཐ་སྙད་འདི་ལ་དང་དོད་བྱེད་མཁན་ཞིག་ཡིན་པས་ང་ཡང་དོན་དག་ཆེ་མ་ཆུང་གསུམ་གང་ལ་འཕྲད་ཀྱང་ཁྱིམ་ཚང་གི་ངོས་ནས་མདང་རྒྱག་པར་དགའ་བོར་ཆགས་འདུག  


   

        ཆུང་དུས་ཕ་མའི་གཉོར་སྐྱོང་འོག་ནས་འཚར་ལོངས་བྱུང་།     ད་ནི་རྒོད་ཕྲུག་ལ་གཤོག་རྩལ་རྒྱས་ནས་མཐོ་ནམ་འཕངས་གཅོད་པའི་དུས་ལ་བབས།    ང་ནི་རྒྱང་ཐག་རིང་བའི་ཡུལ་ན་གནས་ཀྱང་ཨ་ཕས་བུ་ཞིག་ཡིན་ཕྱིར་ཕྱི་ཡུལ་འགྲིམ་ན་བཟང་རབས་ཡིན་པའི་ཁ་བརྡ་དང་གནས་ལུགས་མང་པོ་བརྗོད།    ངས་ཀྱང་ཅི་ནུས་ཀྱིས་ཕ་མའི་ཁ་ལེན་ཚིག་བརྩི་བྱས་ནས་ཉིན་མ་རེ་རེར་བྱ་བ་དང་འཚོ་བའི་གནས་ཚུལ་རྣམས་ཁ་པར་གྱི་ལམ་ནས་ཁོང་གཉིས་ལ་ཞུ་བ་དང་།   གནད་འགག་ལ་ཐུག་དུས་སྐབས་ཐོག་ཏུ་སྒོར་མོ་བསྐུར་ནས་རང་སེམས་ཀྱི་དྲིན་ལན་དེ་འཇལ་ཅི་ཐུབ་བྱེད་ཀྱི་ཡོད།    དུས་ཀྱི་གོམ་འགྲོས་ཟེར་བ་འདི་མགྱོགས་དྲགས་པའི་དབང་གིས་ཆུང་དུས་ཀྱི་དོན་དག་མང་པོ་ཞིག་ནི་བརྗེད་ངས་ཀྱི་རྐུན་པོས་འཁྱེར་ནས་ཡིད་ལ་དྲན་ཐུབ་ཀྱི་མི་འདུག      

        སུན་སྣང་གི་ཁྲོད་ནས་ཕ་ཡུལ་དྲན་ཞིང་།    ཕ་ཡུལ་དྲན་དུས་སེམས་པ་དེ་ཡང་སྐྱོ་སྣང་གིས་འཁེངས་ཡོང་།  མིང་མི་ཐོགས་པའི་བྱིའུ་ཆུང་ཞིག་གིས་སྐད་སྙན་མོ་ཞིག་བསྒྲགས་ཡོང་བ་དང་།   ང་ལ་དྲན་སྣང་ལས་འབུད་པར་གྱིས་ཅེས་པའི་བརྡ་སྒྲོག་པ་དང་ཀུན་ནས་མཚུངས།  ངས་ཀྱང་ཕ་ཡུལ་དང་ཕ་མ་དྲན་པའི་གདུང་བ་དེ་རེ་བཞིག་བཞག་ནས་ལྷབ་ལྷུབ་འབབ་པའི་ཁ་བ་ལ་ཕར་བལྟ་ཚུར་བལྟ་བྱེད་ཞོར་ཕྱིར་ལོག་པ་ཡིན།