བདེ་ཆེན་ནས་ཡོང་བའི་ཚངས་དབྱངས་སྒྲོལ་མའི་སེམས་འདུན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་ཐོག་རིག་རྩལ་ལས་རིགས་ཀྱི་ཚོ་ཆུང་གིས་གྲོས་བསྡུར་བྱེད་བཞིན་པའི་བར་གསེང་དུ།ཨུ་ཡོན་ཚངས་དབྱངས་སྒྲོལ་མས་གྲ་སྒྲིག་ཞིབ་ཚགས་བྱས་པའི་གྲོས་གཞི་ཁྱེར་ནས་ཨུ་ཡོན་གཞན་དག་བཙལ་ནས་འོངས།ཞིབ་དཔྱད་སྤེལ་རེས་བྱས་རྗེས།ཚང་མས་གཅིག་རྗེས་གཉིས་མཐུད་ངང་མིང་འགོད་ཤོག་ལྷེའི་ཐོག་མིང་ཐོ་མཉམ་འགོད་ཀྱིས་མཚན་བཀོད་དེ་ཐུན་མོང་ཐོག་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེར་གཏོང་གི་མིང་འབྲེལ་གྲོས་གཞི་བཏོན་པ་རེད།


        ཚངས་དབྱངས་སྒྲོལ་མས་སེམས་སྡུག་གི་སྒོ་ནས་རིག་རྩལ་གསར་རྩོམ་དར་རྒྱས་དང་ རིག་རྩལ་གསར་གཏོད་སྐུལ་འདེད་བྱེད་པར་ངེས་པར་དུ་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་རིག་རྩལ་མཁས་ཅན་འབོར་ཆེན་ཞིག་ཡོད་དགོས་ལ།སྒྱུ་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྱོང་བྱེད་དགོས།འོན་ཀྱང་ད་ལྟ་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ད་དུང་ཆེ་རུ་གཏོང་དགོས།མི་རིགས་མང་པོ་ཞིག་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་རྗེས་རབས་པ་ཆད་པའི་སྣང་ཚུལ་བྱུང་ཡོད་པ་དང་།གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཁ་ཤས་རིགས་རྒྱུད་ག་ལེར་ཡལ་འདུག་ཅེས་བཤད་བྱུང་།

        མོས་དེ་སྔའི་མི་རིགས་གླུ་གར་ཚོགས་པ་ད་ཆ་ཕལ་ཆེ་བ་ཚོང་ཁྲོམ་ཁེ་ལས་ཀྱི་ལམ་ལུགས་སུ་བསྒྱུར་ཡོད་པ་དང་།གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྐྱེད་སྲིང་གི་སློབ་གྲྭ་དང་ཟློས་གར་ཚོགས་པའི་སྟེགས་བུ་དེ་ད་ལྟ་རིམ་བཞིན་ཆད་ཤོར་དང་ཉམས་ཞན་དུ་འགྲོ་བཞིན་ཡོད།གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་དང་རིག་རྩལ་རྐང་འཛིན་མི་སྣའི་གསོ་སྐྱོང་བྱ་རྒྱུ་དེ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་གོ་རིམ་ཁྲོད་ཀྱི་ཞན་ས་ཞིག་ཏུ་གྱུར་ཡོད་ཅེས་བཤད་བྱུང་།  

  


        གྲངས་ཉུང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལ་སྲུང་སྐྱོང་དང་རྒྱུན་འཛིན་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་བཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།དེའི་སྲོག་ཤིང་ནི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན།ཚངས་དབྱངས་སྒྲོལ་མས་སྒྱུ་རྩལ་སློབ་གླིང་དང་སློབ་གྲྭ་ཆེ་གྲས་ཁག་དུ་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་པའི་ཆེད་གཉེར་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མི་རིགས་འཛིན་གྲྭ་བསྡུས་ནས།མཐོ་རིམ་སློབ་ཆེན་དེ་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་རྐང་འཛིན་པ་གསོ་སྐྱོང་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་དགོས།གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དེ་ཁྱད་ལྡན་སློབ་གཉེར་དུ་འཛིན་ནས་སྒྱུ་རྩལ་རིགས་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་ལམ་སྲོལ་དུ་ཚུད་པར་བྱེད་དགོས།མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ནས་མི་རིགས་གླུ་གར་ཚོགས་པ་སླར་གསོ་དང་ཡང་ན་བསྐྱར་སྐྲུན་བྱས་ནས།དེ་ཉིད་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་།གྲངས་ཉུང་མི་རིགས་ཀྱི་རིག་རྩལ་རྒྱུན་འཛིན་སྲུང་སྐྱོང་བྱེད་པའི་གལ་ཆེའི་སྟེགས་བུ་ཞིག་ཏུ་སྐྲུན་དགོས་པའི་བསམ་འཆར་བཏོན།                    

       ཚངས་དབྱངསསྒྲོལ་མས་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཕུལ་བྱུང་ཤེས་ལྡན་མི་སྣ་གསར་རྙེད་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས།དངོས་གནས་ལྷན་སྐྱེས་ཡོད་པ་དང་རང་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དགའ་ཞེན་ཆེ་བའི་ན་གཞོན་དག་སྒྱུ་རྩལ་ཆེད་ལས་ཀྱི་སློབ་གསོ་མྱོང་ཐུབ་རྒྱུ་ནི་ངའི་བསམ་འདུན་ཡིན་ཞེས་བཤད་བྱུང་།