རླུང་རྟའི་ངོས་སུ་ཡོད་པའི་སྲོག་ཆགས་ཀྱི་གཟུགས་ལྔ་པོའི་སྐོར།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-09   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཆོས་ཀྱི་ལུགས་སུ་འབྱུང་བ་ལྔའི་ཁམས་བཤད་པའི་ཚེ་འབྱུང་བ་ལྔ་ཞེས་པ་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའོ་ཞེས་ཡོངས་གྲགས་སུ་ཆགས་ཡོད་པ་ལ་འབྱུང་བའི་ཁམས་དང་དེ་འབྲེལ་འབྱུང་བའི་རྡུལ་ཕྲན་ཚོགས་པ་བཅས་ལ་“འབྱུང་བ”ཞེས་ཟེར།

        གནའ་བོའི་སྐབས་སུ་འབྱུང་ཁམས་ལྔའི་བྱེད་ལས་ཁྱད་པར་ཅན་གྱི་ནུས་པ་དེ་དག་ནི་སེང་འབྲུག་ཁྱུང་སྟག་རྟ་བཅས་སེམས་ཅན་གྱི་གཟུགས་རིས་ལྔས་མཚོན་པ་སྟེ་ནམ་རྒྱུན་དུ་བོད་ལ་དར་སྲོལ་ཆེ་བའི་རླུང་རྟའི་ངོས་རིས་སུ་ཡོད་པའི་སྲོག་ཆགས་ཀྱི་གཟུགས་རིས་ལྔ་པོ་དེ་དག་རེད།  རླུང་རྟ་ནི་མགོན་ཤེས་ལྷ་བོན་གྱིས་བྱེ་བྲག་སྐྱེ་བོ་ཕོ་མོ་སུའང་རུང་བ་དེ་དག་ནི་འབྱུང་ཁམས་ཀྱི་ནུས་པ་གུད་ཡོད་ན་གསོ་བ་དང་། ཉམས་ཡོད་ན་བསྐྱེད་པ། ཆད་པ་ཡོད་ན་བསྲིང་བ།  འཁྲུགས་པ་ཡོད་ན་མཐུན་པར་བསྡེབས་པ་སོགས་ཀྱི་ཆ་རྐྱེན་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཏུ་བརྩི་སྲོལ་ཡོད།  དེའི་ཚུལ་ཇི་ལྟར་ཡིན་པའང་སའི་ཁམས་ལས་གྲུབ་པའི་རྡུལ་གྱི་ཕུང་པོ་ནི་རི་བོ་ཡིན།  སའི་རྡུལ་གྱི་ཕུང་པོའི་སྙིང་པོ་གངས་ཅན་གྱི་རི་བོར་གཡོ་འགུལ་གྱི་ནུས་ཤུགས་ཡོད་པ་དེ་ནི་སེང་གེ་ཡིན་སྟབས་རླུང་རྟའི་ནུས་པའི་ནང་གི་སའི་ཁམས་ཀྱི་ནུས་ཤུགས་མཚོན་བྱེད་དུ་སེང་གེ་བྱུང་བ་ཡིན།  གངས་རིར་སེང་གེ་ཡོད་མེད་ཀྱི་དཔྱད་པའི་ལུགས་དེ་ནི་དེང་དུས་ཀྱི་བསམ་ཕྱོགས་དང་ལྟ་ཕྱོགས་ཤིག་ཡིན་ལ་འབྱུང་བའི་ནུས་ཤུགས་ཀྱི་མཚོན་བྱེད་སྲོག་ཆགས་ཀྱི་གཟུགས་བཀོད་པའི་ལུགས་དེ་ནི་ལོ་གྲངས་བཞི་སྟོང་སྔོན་གྱི་མི་ཚོའི་བསམ་ཕྱོགས་དང་ལྟ་ཕྱོགས་ཤིག་ཡིན།  དེ་དང་འདྲ་བ་ཆུའི་ཁམས་ཀྱི་ནུས་ཤུགས་མཚོན་བྱེད་དུ་“འབྲུག་”གི་གཟུགས་བྱུང་ཞིག་དེ་ནི་ཆུ་ལ་གནས་ཆགས་པའི་སྲོག་ཆགས་གཡོ་འགུལ་ཅན་གྱི་ནུས་པ་ལྡན་པ་ཞིག་ཡིན།  མེའི་ཁམས་ཀྱི་ནུས་པ་མཚོན་བྱེད་དུ་“ཁྱུང་”གི་གཟུགས་བྱུང་བ་སྟེ།   ཁྱུང་ནི་བོན་ཡ་ཐོག་གི་དུས་སྐབས་སུ་ཆེས་གྲགས་ཆེ་བའི་ལྷ་མཐུ་བོ་ཆེ་ཞིག་ཡིན་ཞིང་།  དེ་ནི་ཚ་བ་དང་དྲོད་དང་འབར་བའི་མེ་སོགས་དབར་གྱི་ནུས་ཤུགས་ཐམས་ཅད་ཀྱི་འབྱུང་གཞིའི་ལྟེ་བ་ཞིག་ཏུ་ངོས་འཛིན་སྲོལ་ཡོད།  དེ་འདྲ་ཡིན་སྟབས་ཁྱུང་གིས་ཚ་བ་དབལ་གྱི་མཐུ་སྟོབས་དང་ནུས་ཤུགས་མ་ལུས་པ་མཚོན་ཡོད་སྟབས་ཁྱུང་ཆེན་འབར་བ་མེའི་ནུས་ཤུགས་ལ་གོ་དགོས།

       རླུང་ནི་གཡོ་བ་དང་བསྐྱེད་པའི་བྱེད་ལས་ཁྱད་པར་ཅན་ཞིག་ཡིན་སྟབས་འབྱུང་རྩིས་ནང་དུ་རླུང་གི་ཁམས་ལ་“འབྱུང་བ་ཤིང་”ཞེས་གྲགས་ཤིང་།  ལྗོན་ཤིང་མང་པོ་ཚོགས་པ་ནགས་ཚལ་ཞེས་བྱ་བ་ནགས་ཚལ་གྱི་ཁྲོད་དུ་གཡོ་འགུལ་གྱི་ནུས་ཤུགས་ལྡན་པ་ནི་སྟག་ཡིན་སྟབས་སྟག་གི་གཟུགས་དེ་འབྱུང་བ་རླུང་ཁམས་ཀྱི་ནུས་ཤུགས་མཚོན་རྟགས་སུ་བཀོད་སྲོལ་བྱུང་།  ད་དུང་རླུང་རྟའི་དབུས་སུ་རྟ་མཆོག་རྒྱན་ལྡན་ཞིག་འགོད་སྲོལ་ཡོད་པ་དེས་ནི་སྐྱེ་བོ་ཕོ་མོ་སུའང་རླུང་གི་འབྱུང་ཁམས་ཀྱི་ནུས་པའི་རྒྱུན་དེ་མཚོན་ཅིང་།  འབྱུང་ཁམས་ཀྱི་ནུས་རྒྱུན་དེ་ནམ་མཁའི་ཁམས་ཀྱི་གཞི་ལ་རྟེན་ནས་རྒྱུན་བསྲིང་དགོས་པ་ཡིན་སྟབས་དེ་ནི་ནམ་མཁའི་ཁམས་ཀྱི་ནུས་ཤུགས་ཀྱང་མཚོན་ཐུབ་ཀྱི་ཡོད།

       སྤྱིར་བཏང་འབྱུང་བའི་ཁམས་དང་ཁམས་ཀྱི་ནུས་པའི་བྱེད་ལས་དམིགས་སུ་བཀར་བའི་མཚོན་བྱེད་གཡོ་འགུལ་གྱི་སྲོག་ཆགས་གང་རུང་གི་གཟུགས་བཀོད་པའི་གནད་དོན་འདི་རྩ་གཞིའི་སྟེང་ནས་མི་འདྲ་བའི་ཁྱད་ཆེ་ཙམ་ཞིག་ཡོད་ལ། ལྟ་ཚུལ་དེ་དང་འབྲེལ་བ་དབང་ཡུལ་གྱི་འབྲེལ་བའི་ཁྱད་པར་དང་། དབང་ཡུལ་གྱི་འབྲེལ་བའི་ནུས་པ། ཡུལ་གྱི་ནུས་པ་དང་ཡུལ་ཅན་གྱི་ནུས་ཤུགས་བར་གྱི་འབྲེལ་བ་འགྲུབ་སྟངས་སོགས་བོན་ལུགས་རྣལ་མིན་གྱི་ལྟ་སྟངས་ཐུན་མོང་མ་ཡིན་པ་མང་པོ་ཞིག་ཡོད་པ་འདི་རིགས་ལ་ཤེས་རྟོགས་དང་ཞིབ་འཇུག་བྱ་ཐུབ་པ་ཡིན་ན་བོད་ཀྱི་གནའ་བོའི་ཤེས་རིག་དང་གོམས་སྲོལ་ཧ་གོ་དོན་རྟོགས་ཡོང་བར་ཕན་པ་ཆེན་པོ་ཡོད་ངེས་ལགས།

       གཞན་ཡང་གསལ་བཤད་ཞུ་རྒྱུར་རླུང་རྟའི་ངོས་ཀྱི་གཟུགས་རིས་དེ་དག་བཀོད་པའི་གོམས་སྲོལ་འདི་ནི་གཉའ་ཁྲི་བཙན་པོའི་སྐབས་ལ་བོན་ཤེས་པ་ཅན་བཅུ་གཉིས་དར་བ་སྟེ་མགོན་ཤེས་ལྷ་བོན་གཡང་ཤེས་ཕྱ་འདོད་འགྲོ་ཤེས་གླུད་གཏོང་སོགས་བཅུ་གཉིས་ཀྱི་ཡ་གྱལ་མགོན་ཤེས་ལྷ་བོན་གྱིས་སྲོལ་གཏོད་གནང་བ་ཞིག་ལགས།