ལོ་ངོ་བཅུ་དགུའི་རིང་ལ་གཞུང་ལམ་ཕྱགས་པའི་ཨ་མ་རྒན་མོ་ཞིག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        རྒྱལ་ལམ་214ཡི་འཇོལ་རྫོང་ནས་དགོན་པ་སྟེང་རི་ཡན་མཁར་སྡེ་བའི་བར་གྱི་ལམ་བར་ན་ང་ཚོས་དུས་རྒྱུན་ལྕགས་ཁེམ་དང་ཕྱགས་མ་བཟུང་ནས་རྒྱ་ལམ་ཕྱག་བཞིན་པའི་ཨ་མ་རྒན་མོ་ཞིག་མཐོང་ཐུབ་པ་རེད།ཁོ་མོས་ལམ་ཐོག་ན་ལྷུང་ཡོད་པའི་རྡོ་དང་བྱེ་མ་སོགས་ཕྱགས་ཤིང་། ཁུག་དོང་ཡོད་སར་ས་བླུགས་ནས་ལམ་ངོས་སྙོམས་པོ་བྱེད་བཞིན་ཡོད། འདི་ལྟར་ལོ་བཅུ་ཁྲག་ལྷག་གི་རིང་ལ་དབྱར་གྱི་ཚ་གདུག་དང་དགུན་གྱི་གྲང་ངར་སོགས་ཀྱི་དཀའ་སྡུག་ལ་མ་འཛེམ་པར་རྒྱུན་འཁྱོངས་བྱས་པ་རེད།

        བྱམས་སེམས་ཅན་གྱི་ཨ་མ་རྒན་མོ་འདིའི་མིང་ལ་བཀྲ་ཤིས་སྒྲོལ་མ་ཟེར་ཞིང་ཧྲེང་ཕིན་གྲོང་རྡལ་ཅིའུ་ཧྲུའེ་གྲོང་ཚོ་རི་ཡན་མཁར་ཚོ་ཆུང་གི་སྡེ་མི་ཡིན་ལ།ད་ལྟ་ལོ་73ཡིན། ཁོང་ཚང་གི་ཁྱིམ་ཡང་ལམ་ཐིག་འདིའི་ལམ་འགྲམ་ན་ཡོད། ཁོ་མོས་འདི་ལྟར་དཀའ་སྡུག་ལ་མ་འཛེམ་པར་ཉིན་ཐོག་ལ་ཉིན་དང་ཟླ་ཐོག་ལ་ཟླ་བརྩེག་ནས་ལས་ཀ་འདི་འདྲ་ཞིག་སྒྲུབ་དགོས་པའི་སྙིང་སྟོབས་དང་སྐུལ་སློང་དེ་གང་ཞིག་ནས་བསྐྱེད་པ་ཡིན་ནམ་ཞེ་ན།ཁོ་མོས་“ལམ་བར་འདིར་འགྲོ་འོང་བྱེད་པའི་རླངས་འཁོར་དང་། ལྷག་པར་དུ་ས་འདིར་ཆ་རྒྱུས་མེད་པའི་མི་རྣམས་ལམ་བར་འདི་ནས་རླངས་འཁོར་གྱི་དོན་རྐྱེན་བྱུང་རྒྱུ་མང་བོ་ཡོད་པས། ཁོ་ཚོ་ལམ་བར་ནས་བདེ་འཇགས་ཡོང་རྒྱུ་དེ་ངའི་རེ་བ་ཉག་གཅིག་ཡིན་”ཞེས་བཤད།


        རི་ཡན་མཁར་སྡེ་བའི་མདུན་ཕྱོགས་ནི་རྒྱལ་ལམ་214ཡི་འཇོལ་རྫོང་ནས་དགོན་པ་སྟེང་ལ་འགྲོ་བའི་ལམ་ཐིག་ཡིན།ལམ་ཐིག་འདིའི་ས་རྒྱུ་སོབ་སོབ་ཡིན་ལ། བརླན་བཤེར་ཆེ་བའི་རྐྱེན་གྱིས་རི་ངོས་ནས་ལམ་ནང་ལ་རྡོ་ལྷུང་བ་དང་འདམ་ཆུ་བཞུར་བ། ལམ་ངོས་རྡིབ་པ་སོགས་ཀྱི་སྣང་ཚུལ་མང་བོ་འབྱུང་ལ། གནས་ཚུལ་ཛ་དྲག་ཡིན་ན་རླངས་འཁོར་ཡང་འགྲོ་མི་ཐུབ་པ་རེད། དགུན་དུས་ལམ་ངོས་ལ་དར་ཆགས་པས་རླངས་འཁོར་གྱི་དོན་རྐྱེན་མང་བོ་བྱུང་ཞིང་། 1999ལོའི་དགུན་ཁར་རླངས་འཁོར་ཞིག་དར་ཐོག་ནས་འགྱེད་དེ་ལམ་འོག་ལ་ལྷུང་བ་རེད། གནས་ཚུལ་འདི་བཀྲ་ཤིས་སྒྲོལ་མས་ཐོས་པས་ཁྱིམ་ནས་འདུག་མ་གཟོད་པར་ལམ་འགྲོ་བའི་འགྲོ་འོང་བདེ་འཇགས་ཡོང་བའི་ཆེད་ལ་གནས་འདིར་ཡོང་ནས་གཞུང་ལམ་བདག་དམ་གྱི་དགེ་བའི་ལས་ཀ་འདི་གཉེར་འགོ་བརྩམས་ཤིང་། ད་ལྟའི་བར་མི་ལོ་19འདས་པ་རེད།


        གྲུམ་ནད་ཡོད་པའི་རྐྱེན་གྱིས་ཁོ་མོའི་འགྲོ་འདུག་ཧ་ཅང་སྟབས་བདེ་མིན་ལ། དུས་རྒྱུན་སྡེ་བའི་ནང་ནས་གནས་འདིའི་བར་འགྲོ་འོང་ཐེངས་གཅིག་བྱེད་པར་དུས་ཚོད་བཞི་དགོས་པ་རེད། དེའི་ཐོག་ལམ་བར་འདིའི་ལམ་ཕྱགས་པ་དང་ཁུག་དོང་ནང་ལ་ས་རྡོ་སོགས་བླུགས་ནས་ལམ་ངོས་སྙོམས་པོ་བྱེད་པར་ཡང་ཉིན་གཅིག་ལ་དུས་ཚོད་བཞི་ནས་ལྔ་དགོས་པས། ཁོ་མོའི་ཉིན་གཅིག་གི་དུས་ཚོད་ཕལ་ཆེར་ལས་ཀ་འདིའི་དོན་ལ་གཏོང་བཞིན་ཡོད་པ་རེད། མི་གཞན་པ་ཞིག་གིས་བལྟས་ན་ལས་ཀ་འདི་དེ་འདྲ་དཀའ་མོ་ཞིག་མིན་རུང་། འོན་ཀྱང་ལོ་བཅུ་དགུའི་སྔོན་ནས་བཟུང་དུས་ད་ལྟ་ད་རུང་རྒྱུན་འཁྱོངས་ཐུབ་ཡོད་པ་འདི་ལས་སླ་མོ་ཞིག་ག་ལ་ཡིན། ལྷག་པར་ཏུ་མི་སྤྱིར་བཏང་བ་ཞིག་གིས་བསྒྲུབ་ཐུབ་པ་ཞིག་དེ་བས་མིན་པ་རེད།


        བཀྲ་ཤིས་སྒྲོལ་མས་ལམ་ཕྱགས་པའི་སྐབས་སུ་འགྲོ་འོང་བྱེད་བཞིན་པའི་རླངས་འགའ་རེ་ཆེད་དུ་བསྡད་ནས་ཁོ་མོར་ཁ་བརྡ་ཏོག་ཙམ་རེ་བྱེད་ལ། ད་རུང་ལམ་འགྲོ་བ་འགའ་རེས་ཡང་རང་ཉིད་ཀྱིས་ཉོས་ཡོད་པའི་སིལ་ཏོག་སོགས་ཟ་རྒྱུ་ཁོ་མོར་བྱིན་ནས་དགེ་བའི་ལས་ཀ་འདི་འདྲ་གཉེར་བར་བཀའ་དྲིན་དང་བརྩེ་སེམས་མཚོན་པར་བྱས་པ་རེད། ལམ་འགྲོ་བ་བཀྲ་ཤིས་ཕུན་ཚོགས་ཀྱིས་“ངས་སྔོན་ཆད་སྦག་སྦག་འཁོར་བསྐོར་བ་ཡིན། གཞུག་ནས་དངོས་བསྐྱལ་རླངས་འཁོར་བསྐོར་མྱོང་། ད་བར་ཡང་གླ་གཏོང་རླངས་འཁོར་བསྐོར་བཞིན་ཡོད་ལ། དུས་རྒྱུན་གནས་འདིར་བརྒྱུད་པ་ཡིན་པས་ཁོ་མོས་ལམ་ཕྱགས་བཞིན་པ་རྒྱུན་དུ་མཐོང་ཐུབ།ངས་སེམས་གཏིང་ནས་ཁོ་མོར་བཀའ་དྲིན་དང་ཡི་རང་བྱེད་ཀྱིན་ཡོད་”ཞེས་བཤད་བྱུང་།