ཕྱི་ཕྱོགས་ཀྱིས་ཀྲུང་གོའི་སྐད་ཆ་ཤེས་ཚད་ལ་བརྟག་ཞིབ་བྱས་པའི་སྙན་ཞུ་ཡོངས་བསྒྲགས་ཐེངས་དང་པོ་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-25   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།

        ཀྲུང་གོ་ཕྱི་སྐད་ཅུས་ཀྱིས་ཉེ་ཆར《ཕྱི་ཕྱོགས་ཀྱིས་ཀྲུང་གོའི་སྐད་ཆ་ཤེས་ཚད་ལ་བརྟག་ཞིབ་བྱས་པའི་སྙན་ཞུ》ཡོངས་བསྒྲགས་ཐེངས་དང་པོ་བྱས་ཤིང་།སྙན་ཞུའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོན་པའི་ཆབ་སྲིད་ཀྱི་སྐད་ཆ་དཔེར་ན“ཀྲུང་གོའི་ཕུགས་འདུན”དང་། “རྒྱུད་གཅིག་ལམ་གཅིག”“ལས་དབང་གཅིག་མཐུན་འདུས་གྲུབ”དེ་བཞིན“རུལ་སུངས་ལ་ངོ་རྒོལ”སོགས་ཐ་སྙད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་དང་བསམ་ཤེས་ཇེ་མང་ཕྱིན་པ་དང་།ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ཇུས་གཞིར་འཛམ་གླིང་སྤྱི་དམངས་ཀྱིས་ཉིན་བཞིན་ཤེས་རྟོགས་ཞིབ་ཕྲ་ཐུབ་པ་མངོན་ཡོད།

        ཕྱི་སྐད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ད་ཐེངས་བརྟག་ཞིབ་བྱས་པའི་དམིགས་ཡུལ་ནི་སྒྲ་སྦྱོར་ཕྱི་རྒྱལ་སྐད་དུ་སྒྱུར་བ་འགོ་འཛུགས་སར་བྱས་ཏེ་ཟུར་ངོས་ཤིག་ནས་ཀྲུང་གོའི་སྐད་ཆས་དབྱིན་ཡིག་གི་འཛམ་གླིང་གི་རྒྱལ་ཁབ་གཙོ་བོའི་སྤྱི་དམངས་དབར་གྱི་ཤེས་རྟོགས་གནས་ཚུལ་དང་ཀྲུང་གོའི་སྐད་ཆས་འཛམ་གླིང་གི་སྐད་ཆའི་འཕེལ་ཕྱོགས་ལ་ཞིབ་འཇུག་བྱ་ཆེད་ཡིན་པ་རེད།བརྟག་ཞིབ་ནང་ཨ་རི་དང་། དབྱིན་ཇི། ཨོ་སི་ཁྲུ་ལི་ཡ། ཧྥི་ལི་ཕིན། ཨ་ཧྥེ་རི་ཁ་ལྷོ་མ།ཁ་ན་ཏ། སིང་ཀ་ཕོར།རྒྱ་གར་སོགས་དབྱིན་ཡིག་ཚོགས་པའི་རྒྱལ་ཁབ་8ཀྱི་སྤྱི་དམངས་བརྟག་ཞིབ་བྱ་ཡུལ་ལ་བརྩིས་ནས་དབྱིན་ཡིག་གི་སྐད་ཆའི་མ་ལག་ཏུ་བཅུག་པའི་རྒྱ་སྐད་ཀྱི་སྒྲ་སྦྱོར་གྱི་ཐ་སྙད་ཤེས་རྟོགས་ཐུབ་ཚད་མདུན་གྲལ་གྱི་ཨང་100ཡི་སྤྱིའི་ཨང་རིམ་ལ་སླེབས་ཡོད་པ་རེད།

        སྙན་ཞུའི་ནང་མདུན་གྲལ་དུ་སླེབས་པའི་རྒྱ་ཡིག་གི་སྒྲ་སྦྱོར་ཐ་སྙད་ཀྱི་གྲངས་ཚད་ཀྱིས་ཨང་རིམ་གྱི་བཅུ་ཆ་ལྔ་ཙམ་བཟུང་ནས་ཨང་རིམ་གྱི་མདུན་གྲལ་དུ་སླེབས་ཡོད་པ་ལས།སྔོན་མ་དབྱིན་ཡིག་ཏུ་བསྒྱུར་བའི་ཀྲུང་གོའི་ཐ་སྙད་མི་ཉུང་བ་ཞིག་རྒྱ་ཡིག་གི་སྒྲ་སྦྱོར་གྱིས་ཐད་ཀར་ཚབ་བྱེད་འགོ་ཚུགས་ཡོད།འོན་ཀྱང་དེའི་ཁྲོད་ཀྱི་ཀྲུང་གོའི་སྲོལ་རྒྱུན་གྱི་རིག་གནས་རིགས་ཀྱི་ཐ་སྙད་ཀྱིས་བཟུང་ཚད་ཆེ་ཤོས་ཡིན་པ་དཔེར་ན། “ཁུང་ཙི”དང་། “དཔྱིད་གསར་དུས་ཆེན”“བརྒྱད་པའི་བཅོ་ལྔ”“ཧྲའོ་ལིན”“དྲག་རྩལ”སོགས་རེད།རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པར། ཀྲུང་གོའི་དུས་ཆེན་གྱི་དམངས་སྲོལ་དང་།སྔོན་བྱོན་གྱི་བསམ་བློ།སྲོལ་རྒྱུན་གྱི་ཟས་མཆོག་སོགས་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་དང་ཆབས་ཅིག་ཀྲུང་གོ་བའི་འཚོ་བ་སྐྱེལ་སྟངས་དང་།བསམ་བློ་གཏོང་སྟངས།སྐད་ཆ་ཤོད་སྟངས་བཅས་ཀྱིས་ཀྱང་འཛམ་གླིང་ལ་རིམ་བཞིན་ཤུགས་རྐྱེན་ཐེབས་བཞིན་ཡོད།

        ད་ཐེངས་ཀྱི་བརྟག་ཞིབ་ལས་ཤེས་པའི་ཁྱད་ཆོས་གཞན་ཞིག་ནི།ཀྲུང་གོའི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ཀྱིས་འཛམ་གླིང་གི་དཔལ་འབྱོར་དང་ཚན་རྩལ་གྱི་སྐད་ཆ་གསར་གཏོད་ལ་སྣེ་ཁྲིད་ཐུབ་ཡོད།ཨང་རིམ་ཁྲོད་ཁྱོན་དཔལ་འབྱོར་དང་ཚན་རྩལ་རིགས་ཀྱི་ཐ་སྙད་15བདམས་པ་ལས“སྒོར་མོ”དང“མི་དམངས་ཤོག་སྒོར”ཞེས་པ་མདུན་གྲལ་བཅུ་པར་སླེབས་པ་མ་ཟད《ཉིའུ་ཅིན་དབྱིན་ཡིག་ཚིག་མཛོད》དུ་བཅུག་ཡོད། “ཤོག་ཆག”དང་། “གཏོང་སྤྲོད་འབོ”“དྲ་ཐོག་ཉོ་ཚོང”སོགས་སྒུལ་བདེའི་གཏོང་སྤྲོད་ཀྱི་ལག་རྩལ་འཕེལ་རྒྱས་བྱུང་བ་ལས་ཐོན་པའི་གསར་དར་ཐ་སྙད་ལ་ན་གཞོན་ཚོགས་སྤྱིའི་ཁྲོད་ཤེས་རྟོགས་བྱེད་ཚད་མཐོ་པོ་ཡོད།གཞན་ཡང་ཨང་རིམ་ཁྲོད་ད་དུང“ཟླ་བའི་ལྷ་མོ”དང་། “ཝུ་ཁུང”“མྱུར་བགྲོད་ལྕགས་ལམ”སོགས་རྩེ་རིམ་གྱི་ཚན་རྩལ་གྲུབ་འབྲས་མཚོན་པའི་ཐ་སྙད་ཚུད་ཡོད།ཐ་སྙད་དེ་དག་ལའང་དོ་ཁུར་དང་ཤེས་ཚད་མཐོ་པོ་ཡོད།