ལོ་གསར་སྐབས་ཡུལ་སྐོར་ལ་འགྲོ་རྒྱུ་དེ་དར་སྲོལ་གསར་བ་ཞིག་ཏུ་ཆགས་འདུག

རྩོམ་པ་པོ།   པདྨ་མ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-02-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས།ཡུལ་སྐོར་ལ་འགྲོ་རྒྱུ་དེ་ལོ་གསར་བསུ་བའི་རྣམ་པ་གསར་བ་ཞིག་ལ་ངོས་འཛིན་བྱས་པའི་མི་ཇེ་མང་ནས་ཇེ་མང་རེད།ད་ལོའི་ལོ་གསར་གྱི་སྐབས་སུ།བདེ་ཆེན་གྱི་གྲོང་མི་མང་པོ་ཞིག་གིས་ལོ་གསར་གྱི་སྐབས་སུ་ཞིང་ཆེན་ནང་ཁུལ་དང་ཡང་ན་རྒྱལ་ནང་དུ་ཡུལ་སྐོར་ལ་འགྲོ་མཁན་མང་པ་མ་ཟད།ཐ་ན་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་མཁན་ཡང་ཡོད་པ་རེད།

ལོ་གསར་ཚེས་གསུམ་ཉིན་ནས་བཟུང་།ཕ་ཡུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་སྡེ་མི་ཚེ་རིང་དོན་འགྲུབ་ཀྱིས་རང་གི་ཁྱིམ་མི་དང་ཤ་ཉེ་རྩ་འཛུགས་བྱས་ནས་ལུའུ་ཀུའུ་མཚེའུ་དང་རི་བོ་བྱ་རྐང་།ཞིན་ཧྲང་པན་ན་སོགས་སུ་ཡུལ་སྐོར་དུ་སོང་།ཁོང་གིས་དེ་སྔ་ལོ་གསར་གྱི་སྐབས་སུ་ཤ་ཉེ་དག་ཕན་ཚུན་མགྲོན་འབོད་བྱེད་པ་དང་།ཕྱི་རོལ་གྱི་འཇིག་རྟེན་དེ་བརྙན་འཕྲིན་བརྒྱུད་ནས་རྒྱུས་ལོན་བྱེད་དགོས།ད་ཆ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང།འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་བས།མི་རྣམས་ཀྱིས་རང་ཉིད་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ།ལོ་གསར་གྱི་སྐབས་སུ་ང་ཚོ་ཡང་ཁོམ་འདུག་པས།ཐེངས་འདིའི་ཡུལ་སྐོར་འདི་རྩ་འཛུགས་བྱས་པ་ཡིན་ཞེས་བཤད་བྱུང་།


        བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་བློ་བཟང་གིས་ད་ལོའི་ལོ་གསར་གྱི་སྐབས་སུ་ཁྱིམ་མི་ཡོངས་དང་མཉམ་དུ་སེང་ཀ་ཕོར་དུ་ཡུལ་སྐོར་དུ་སོང་བ་དང་།ཁོང་གིས་དུས་རྒྱུན་དུ་ལས་ཀ་ཧ་ཅང་བྲེལ་ཚུབ་ཆེ་བ་དང་།ལྷག་པར་དུ་དགེ་རྒན་གྱི་ལས་ཀ་འདི་ཧ་ཅང་ལྗིད་པས།ཡུལ་སྐོར་ལ་འགྲོ་རྒྱུའི་སྐལ་བ་ཧ་ཅང་དཀོན།ད་ལོའི་ལོ་གསར་གྱི་སྐབས་སུ་རྒན་མོ་ལ་ཉིན་བཅུ་ཡི་ངལ་གསོ་ཡོད་པ་དང་།ང་དང་བུ་ཆུང་ཀྱང་དགུན་གནང་བྱིན་ཡོད་པས།ཕྱི་རྒྱལ་ལ་ཡུལ་སྐོར་དུ་འགྲོ་རྒྱུར་གྲོས་འཆམ་བྱུང་ཟེར།ད་ལོ་ནས་བཟུང་ལོ་རེར་ཕྱི་རྒྱལ་དུ་ཐེངས་གཅིག་ཡུལ་སྐོར་ལ་འགྲོ་རྩིས་ཡོད།ལོ་གསར་ནི་དགའ་སྤྲོའི་ཁེངས་བའི་དུས་ཆེན་ཞིག་ཡིན་པས།ཕྱི་རུ་སོང་ནས་མིག་རྒྱ་ཆེ་རུ་བཏང་ན་དེ་བས་བཟང་ཞེས་འཛུམ་གྱིས་བཤད་བྱུང་།

        དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ལོ་གསར་བསུ་བའི་རྣམ་པ་ཡང་ཇེ་མང་ཡིན་རུང་།ལོ་གསར་ནི་ནང་མི་ལྷན་འཛོམས་དང་བཀྲ་ཤིས་རྟེན་འབྲེལ་གྱི་དུས་བཟང་ཡིན་པས།དགའ་སྤྲོའི་དགོད་སྒྲ་དང་བཀྲ་ཤིས་གཡང་འབོད་ནི་ནམ་ཡང་འགྱུར་མི་སྲིད།