རྩོམ་པ་པོ།   པདྨ་མ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-02-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ལོ་གསར་ཚེས་བརྒྱད་ཉིན།འཇོལ་རྫོང་ཀོང་རྩེད་རའི་གྲོང་སྡེའི་སྡེ་ཁུལ་སྨད་པའི་སྐྱེ་ཕོ་མོ་དང་རྒན་དར་གཞོན་གསུམ་གྱིས་ལས་ལ་གཟབ་ཆས་སྤྲས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་རེའི་ཐེངས་གཅིག་གི་ལྷ་བསུ་བསུས་པ་རེད།
ལྷ་བསུ་ནི་འཇོལ་རྫོང་ཀོང་རྩེད་རའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པ་དང་།ཉིན་འདིར་སྐྱེས་པ་རྣམས་ཀྱིས་ཐོག་མར་རང་སྡེ་བའི་གནས་རིར་སོང་ནས་ལྷ་བསང་བཏང་བ་དང་།དེ་ནས་རང་སྡེ་བར་སྐོར་བ་ལན་གཅིག་རྒྱབ་ནས་སང་ལོར་ལོ་ལེགས་ཡག་པོ་འབྱུང་བ་དང་མི་ལ་ནད་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ཁ་གཡང་འབོད་པ།སྐྱེས་མ་རྣམས་ཀྱིས་ནས་ཆང་བཟུང་ནས་ལམ་མདོ་རུ་སྐྱེས་པ་རྣམས་བསུ་མ་བྱེད།དེ་ནས་སྡེ་བའི་བྱ་འགུལ་ལྟེ་གནས་སུ་སོང་ནས་རང་སྡེ་བའི་དམངས་ཁྲོད་སྒྱུ་རྩལ་དེ་ཀོང་རྩེད་རའི་སྐོར་བྲོ་འཁྲབ་པ།དགོང་མོར་ཇ་སྟོན་སོགས་ཀྱི་བྱ་འགུལ་སྣ་མང་བསྡུས་པས་ཧ་ཅང་འདུ་འཛི་ཆེ།
རྒྱུས་ལོན་བྱུང་བ་ལྟར་ན།ད་ལོའི་ལོ་གསར་ཚེས་བདུན་ཉིན་ཀོང་རྩེད་ར་གྲོང་རྡལ་གྱི་ལྕང་མ་སྡེ་བའི་ལྷ་བསུ་ཡིན་པ་དང་།ལོ་གསར་ཚེས་བརྒྱད་ཉིན་ཀོང་རྩེད་ར་གྲོང་རྡལ་སྡེ་ཁུལ་སྨད་པའི་ལྷ་བསུ་ཡིན།ལོ་གསར་ཚེས་དགུ་ཉིན་བྱེ་འབུར་སྒང་གྲོང་ཚོའི་ལྷ་བསུ་ཡིན།ལྷ་བསུ་ཉིན་མོ་འདི་ནི་བླ་མ་དམ་པ་རྣམས་ཀྱི་དྲུང་དུ་སོང་ནས་དུས་བཟང་རྩིས་ཏེ་གཏན་ཁེལ་བྱས་པ་ཡིན།