ཟི་ཁྲོན་མི་དམངས་འཐུས་མི་བན་ཁོ་ཡིས་རྒྱལ་མོ་ཚ་བ་རོང་གི་སྐད་གཉིས་སློབ་གསོའི་གནད་དོན་ཐད་གྲོས་གཞི་བཏོན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-01   རྩོམ་ཁུངས།    ཁམས་པའི་དྲ་བ།

        

        སྤྱི་ཟླ1པོའི་ཚེས30ཉིན། “སློབ་གསོའི་ལས་དོན་སྔོན་ལ་འཕེལ་རྒྱས”དང“སློབ་གསོ་དེང་རབས་ཅན་དུ་མགྱོགས་མྱུར་གྱིས་སྒྱུར་བ”། “སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ”འདི་དག་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ཁྲོད་གསལ་བོར་བཏོན་པ་ཡིན་པས། འདི་ལས་སློབ་གསོའི་གལ་ཆེའི་རང་བཞིན་མཐོང་ཐུབ། མི་དམངས་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཟི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བན་ཁོ་ཡིས་ཐེངས་འདིའི་ཟི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སློབ་གསོའི་ཐད་ཀྱི་གྲོས་གཞི་བཏོན། རྒྱལ་རོང་གི་ས་ཁུལ་ཁ་ཤས་སུ་སྐད་ཡིག་གི་སློབ་ཁྲིད་མེད་པའི་གནས་ཚུལ་ལ་བན་ཁོས་བཤད་རྒྱུར། མི་རིགས་ས་ཁུལ་ནས་སྐད་གཉིས་སློབ་ཁྲིད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས་གཅིག་ཀྱང་ཆད་མི་རུང་ཟེར།
        ཟི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བན་ཁོ་ཡིས་བཤད་རྒྱུར། “རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་སློབ་སྦྱོང་ལེགས་པོ་བྱེད་རྒྱུ་ནི་ཆེས་རྨང་གཞི་ཡིན་ལ་ཐོག་མའི་ལས་འགན་ཡང་ཡིན། གཞན་ད་རུང་རྒྱའི་སྐད་ཡིག་ནི་རང་རྒྱལ་གྱི་གཅིག་གྱུར་སྐད་ཡིག་ཡིན་པས་རྒྱ་ཡིག་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་ཡིན།  གལ་ཏེ་འདི་གཉིས་ཀར་སློབ་སྦྱོང་ལེགས་པོ་ཞིག་བྱས་མེད་ན་སྐད་གཉིས་སློབ་གསོ་གླེང་ན་སྟོང་བཤད་ཅིག་རེད། སྐད་གཉིས་སློབ་གསོར་ང་ཚོས་མཐོང་ཆེན་བྱེད་དགོས་ལ་འདི་གཉིས་ཐུན་མོང་སྒོས་འཕེལ་རྒྱས་འགྲོ་དགོས། དེ་མིན་གཅིག་སྦྱང་གཅིག་མ་སྦྱང་ན་བོད་རིགས་ན་གཞོན་གྱི་འཕེལ་རྒྱས་ལ་གནོད་ངེས་ཡིན་ཟེར། ”ད་སྔའི་བོད་ཁུལ་གྱི་མི་རིགས་སློབ་གསོ་བྱ་བའི་གནས་ཚུལ་དང་བན་ཁོས་བཏོན་པའི་དགེ་རྒན་གྱི་དཔུང་ཁག་གི་ཆུ་ཚད་དོ་མི་མཉམ་པ་དེ་ནི་མི་རིགས་སློབ་གསོ་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བའི་རྒྱུ་རྐྱེན་གཅིག་རེད།
        ཟི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་བན་ཁོ་ཡིས་བཤད་རྒྱུར།“དགེ་རྒན་ཞིག་ཡིན་པའི་ཆ་ནས་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་དང་སློབ་གསོ་ནི་ཧ་ཅང་གལ་ཆེན་ཡིན། སློབ་མའི་ནར་སོན་དེ་དགེ་རྒན་དང་འབྲེལ་བ་དམ་ཟབ་ཡོད་པས་དགེ་རྒན་གྱི་ལས་རིགས་ཆུ་ཚད་དང་བྱ་སྤྱོད་ནི་ཆེས་གནད་འགག་ཡིན།”“མི་དམངས་འཐུས་མི་ནི་མི་དམངས་ཀྱིས་བདམས་ཐོན་བྱུང་བའི་འཐུས་མི་ཡིན་པས་དམངས་ཀྱི་བསམ་འདུན་ཡར་ཞུ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ལ། དེ་ཡང་དོན་དངོས་ཀྱི་སྒོ་ནས་ཡར་ཞུ་བྱེད་དགོས། མི་རིགས་སློབ་གསོའི་བྱ་བ་གཉེར་མཁན་ཞིག་ཡིན་པའི་ཆ་ནས་ངས་ཅི་ཞིག་ལ་སྐད་གཉིས་སློབ་གསོའི་གནད་དོན་འདོན་དགོས་པའི་རྒྱུ་རྐྱེན་ཡང་འདི་ལ་ཐུག་ཡོད།སློབ་གསོའི་སློབ་ཁྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཚེ་མཐོ་རིམ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་བྱ་བར་སྔར་ལས་འཕེལ་རྒྱུས་སུ་འགྲོ་ཐུབ་ཟེར།”