རང་ལ་ཤ་ཚ་བའི་མི་དེར་ཨ་ལན་ཞིག་སྟེར་རོགས།

རྩོམ་པ་པོ།   ཅོ་བྱང་སྐར།  ཡིག་བསྒྱུར།       དུས་ཚོད།   2018-01-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆར་བ་ཤག་ཤག་འབབ་པའི་དབྱར་དུས་ཤིག་ལ། གྲོང་ཁྱེར་ནི་དེ་འདྲའི་ཉམས་དགའ་བའི་གནས་མཆོག་ཤིག་ཏུ་གྱུར་འདུག     ང་རང་གནས་མལ་འདི་རུ་བྱ་བར་ཞུགས་ནས་ལོ་ཁ་ཤས་འགོར་ཡོད་མོད།  དེ་རིང་ལྟ་བུའི་མཁའ་དབུགས་དང་དེ་རིང་ལྟ་བུའི་གནམ་གཤིས་ཤིག་མཐོང་མ་མྱོང་།  དགའ་ལྷང་ལྷང་གི་སེམས་ཁམས་དེ་ཁྱེར་ནས་སྔར་འགྲོས་ལྟར་སྤྱི་སྤྱོད་རླངས་འཁོར་ལ་བུད་ནས་ལས་ཀར་སོང་།
        ཉི་མའི་དྲོད་ནི་སྤྱི་སྤྱོད་རླངས་འཁོར་གྱི་མི་བུ་ཀུན་གྱི་གདོང་ལ་འཕྲོས་ནས་གསལ་ལྷང་ངེར་གནང་ལ། བལྟས་ཚོད་ཀྱིས་འོ་ཞིག་བྱ་ན་འདོད་པའི་བུ་མོ་ཆུང་ཆུང་ཞིག་ཏོག་སེ་ཡར་ལངས་ནས། ད་སོ་མ་སྤྱི་སྤྱོད་རླངས་འཁོར་དུ་འོངས་པའི་ལོ་ལོན་ཞིག་ལ་རང་གི་འདུག་གནས་དེ་སྤྲད།  ལོ་ལོན་དེ་འདུག་གནས་སུ་བུད་རྗེས་བུ་མོ་ཆུང་ཆུང་དེ་ལོ་ལོན་དེའི་རྒྱབ་ཕྱོགས་སུ་འདུག་སྟེགས་ལ་ཁེན་ནས་ཡར་ལངས། ངས་རྒྱབ་ཕྱོགས་ནས་བུ་མོ་ཆུང་ཆུང་དེའི་ཀུན་སྤྱོད་ཡག་པོ་དེར་བསམ་བློ་བཏང་དགོས་བྱུང་། གང་ལྟར་ཁོམ་འདུག་པས། དང་ཐོག་བུ་མོ་ཆུང་ཆུང་དེས་རང་གིས་བསྒྲུབ་པའི་བྱ་བ་བཟང་པོ་ལ་དགའ་སྤྲོས་ཁེངས་འདུག་ལ། རླངས་འཁོར་ནང་གི་མི་ཚོས་ཁོ་མོའི་བྱ་སྤྱོད་ལ་དོ་ཁུར་བྱེད་པ་ཤེས་ནས་ངོ་ཚ་བའི་རྣམ་འགྱུར་ཞིག་ཀྱང་རང་ཤུགས་ཀྱིས་ངོམས། དལ་མོའི་ངང་ནས། ཁོ་མོར་སེམས་ཁྲལ་གཅིག་གང་ནས་ཐོན་པ་མི་ཤེས་མོད། ཐེངས་འགའ་ལ་སྐད་ཆ་ཞིག་རྨིད་པའི་ནང་ནས་ཁ་བར་ཐོན་མོད་ཕྱི་ལ་རྨིད། ང་རང་གི་ཚོར་བ་ཡིན་ན་མཐར་ཐུག་སྐད་ཆ་དེ་ཁ་ནས་ཕྱིར་འབུད་པའི་སྣང་བ་ཞིག་སྦྱིན།
        ལོས་ཡིན། ཁོ་མོ་རླངས་འཁོར་ལས་འབབ་ལ་ཉེ་བའི་སྐབས་དེར། མོས་ལོ་ལོན་དེའི་ཕྲག་པར་ལག་པ་ཆུང་ཆུང་དེས་རྡེབ་ཙམ་བྱས་ནས། སྐད་དམའ་མོས་ཨ་ནེ་ལགས། ཁྱེད་ཀྱིས་བཀའ་དྲིན་ཆེ་ཡང་མི་ཟེར་རམ། ངས་ཁྱེད་ལ་རླངས་འཁོར་འབབ་ཚིགས་གསུམ་སྒུག་སོང་། ཁྱེད་ཀྱིས་མ་མཐའ་ཡང་ང་ལ་འཛུམ་མདངས་ཙམ་ཡང་མི་སྟོན་དོན་ཅི།
        རླངས་འཁོར་ནང་དགོད་སྒྲ་ཁེངས་སོང་།  ཡིན་ཡང་ལོ་ལོན་དེར་དགོད་སྒྲ་མེད་ལ།          འཛུམ་མདངས་ཡང་མེད།           མིག་ཟུང་ཐད་དུ་ཀེར་ནས་མ་གོ་བའི་ཚུལ་གྱིས་གོ་མེད་ཚོར་མེད་དུ་བསྡད།
        གློ་བུར་དུ་ངའི་ཚོར་ཤེས་ལས་ལོ་ལོན་དེར་ཞེ་སྡང་སྐྱེས། འདི་ལྟ་བུའི་མི་སྤྱི་ཚོགས་སྟེང་ན་ཤིན་ཏུ་མང་། སུ་དང་གང་གིས་ཇི་ལྟར་ཁོང་གི་དོན་དུ་བྱ་བ་བསྒྲུབ་རུང་།ཁོ་ཚོ་ཚང་མས་མིག་ཟུང་ཀེར་ཀེར་དུ་འདུག་པ་ལས་ཚོར་ཤེས་ཙམ་ཡང་མི་འདུག 
        རང་ལ་ཤ་ཚ་བའི་མི་དེ་ལ་ཨ་ལན་ཞིག་སྟེར་རོགས། ཁོ་ཚོ་ནི་ཤ་ཁྲག་གི་ཕུང་བོ་ལས་གྲུབ་པའི་མི་ཡིན་ཕྱིན།  དགའ་སྐྱོ་ཆགས་སྡང་ལོས་ཡོད། དེ་ལས་ལྡོག་སྟེ་རོགས་རམ་ཐོབ་པའི་མི་དེ་རྣམས་ནི་ཚོར་ཤེས་མེད་པར་མ་ཟད། ཁོ་ཚོའི་སེམས་རྒྱུད་ན་ཕལ་ཆེར་བཀའ་དྲིན་ཆེ་ཞེས་པའི་ཡིག་འབྲུ་འདི་ཡང་མེད་པ་འདྲ། དེ་ལྟར་སྤྱི་ཚོགས་ཀྱི་ངོ་བོ་འགྱུར་བཞིན་པ་མི་ཚོར་རམ།
        བུ་མོ་ཆུང་ཆུང་དེས་རེ་སྒུག་བྱས་ཡོད་པ་ནི་རང་ལ་དྲིན་འཇལ་བའི་ཆེད་དུ་མིན་པར་ཁོ་མོས་རེ་སྒུག་བྱས་ཡོད་པ་ནི་ཨ་ལན་ཞིག་གམ་ཡང་ན་ཨ་ལན་སློག་པར་རེ་བས་སྒུག་ཡོད་པ་རེད། ཨ་ལན་དེས་མོ་རང་གི་སེམས་ཀྱི་ཐེ་ཚོམ་དེ་སེལ་བར་བྱ་འདོད།  ཨ་ལན་དེས་ཤ་ཁྲག་ལས་གྲུབ་པའི་ཕུང་བོ་འདིའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ལ་རྣམ་ཤེས་སྟེར་ཐུབ།
        ངས་ཁོ་མོའི་སེམས་སུ་ཐག་གཅོད་མི་ཐུབ་པའི་གནད་དོན་ཞིག་ཡོད་པ་ཤེས་ཏེ། ཁོ་མོའི་སེམས་སུ་ལོ་ལོན་འདིར་ཅི་བྱུང་སོང་ངམ། ཅིའི་ཕྱིར་བཀའ་དྲིན་ཆེ་ཙམ་ཡང་མི་བཤད།  བུ་མོའི་དགེ་རྒན་གྱིས།   གལ་ཏེ་ཁྱེད་ལ་གཞན་གྱིས་རོགས་རམ་བྱས་ན་ངེས་པར་བཀའ་དྲིན་ཆེ་ཟེར་དགོས་པའི་སློབ་གསོ་གནང་ཡོད། ཡིན་ན་ཡང་མིག་མདུན་གྱི་ལོ་ལོན་འདིས་བཀའ་དྲིན་ཆེ་ཙམ་ཡང་མི་བཤད་པར་མ་ཟད་ཐ་ན་འཛུམ་ཙམ་ཡང་མི་སྟོན་པའི་རྒྱུ་མཚན་ཅི། བུ་མོ་ཆུང་ཆུང་དེའི་ཡིད་ལོང་ལོང་པོར་གྱུར།
       གལ་ཏེ་དཔྱིད་རླུང་ལྡང་ཡོང་བའི་སྐབས་སུ། མེ་ཏོག་གཅིག་ཀྱང་བཞད་མེད་ལ་རྩྭ་ལྗང་གཅིག་ཀྱང་སྐྱེས་མ་ཡོང་ན།  དཔྱིད་ཀ་ཟེར་བ་གང་ན་ཡོད། འདིར་བཤད་པའི་དཔྱིད་ཀ་ཅེས་པ་འདི་བུ་མོ་ཆུང་ཆུང་འདིས་མཐོང་ཐབས་མེད་ལ་བཙལ་ནས་ཡང་རྙེད་སྲིད་པ་མ་རེད།
       ངའི་གྲོགས་པོ་ཞིག་གིས་སློབ་བུ་ཞིག་དམའ་འབྲིང་ནས་ལས་གནས་སུ་ཞུགས་རག་བར་དུ་རོགས་རམ་བྱས།  དོན་དངོས་སུ་ཁོ་བོའི་ཁྱིམ་ཚང་ཡང་འབྱོར་བ་བཟང་རྒྱུ་མེད་པ་མ་ཟད་ཆུང་མར་ཡང་བྱ་བ་མེད། ཁོའི་ཡོང་སྒོ་ལྷག་མ་ནི་ཁོ་རང་གི་རྩོམ་ཡོན་དེ་རེད།   རྗེས་ནས་ཁོས་ང་ལ་དོན་དག་འདིས་ངའི་སེམས་འཁྱགས་སིབ་སིབ་ཏུ་བཏང་སོང་ཟེར།  ངས་ཁོ་ལ་དྲང་མོ་བཤད་ན་ཁྱེད་ཀྱིས་རོགས་རམ་བྱས་རྗེས་སྐད་ཆ་འདི་འདྲ་བཤད་ན་འོས་འཚམས་མ་རེད།  འོ་ན་ཁྱེད་ཀྱིས་རང་ལ་དྲིན་ལན་ཞིག་འཇལ་དགོས་ཟེར་བ་ཡིན་ནམ། ཁོས་ལྷོད་ལྷོད་པའི་ངང་ནས།  དྲིན་ལན།  ཧ་ཧ་ཧ། དྲིན་ལན་ཅི་ཞིག་འཇལ་དགོས་སམ། གཞན་ཅི་ཡང་མི་དགོས། ལོ་འདི་འདྲ་མང་པོ་ཞིག་ལ་ཁོས་ང་ལ་ཡི་གེ་གཅིག་བསྐུར་མ་དགོས་པ་མ་ཟད།  ཐ་ན་ཁ་པར་གཅིག འཕྲིན་ཐུང་གཅིག་ཀྱང་བསྐུར་མ་མྱོངས་ཟེར། གལ་ཏེ་ཡི་གེ་གཅིག་བསྐུར་ཡོད་ན་ངས་ཁོང་གི་གནས་ཚུལ་ཅུང་ཟད་རྒྱུས་ལོན་བྱ་ཐུབ་པས།    རང་ལ་ཤ་ཚ་བའི་མི་དེར་ཨ་ལན་ཞིག་སྟེར་བ་ནི་མཛེས་སྡུག་གི་མེ་ཏོག་པདྨ་དང་མཚུངས། དབྱར་དུས་ཀྱི་ཁུ་བྱུག་གི་གསུངས་སྐད་དང་འདྲ། གལ་ཏེ་མི་ཞིག་གི་མིང་ནས་བོས་ན་དེ་ལ་ཨ་ལན་སྟེར་བ་དང་འདྲ་བར།སྣང་མེད་དུ་འཇོག་པ་དང་དོ་ཁུར་མི་བྱེད་པའི་གཤིས་ཀ་དེས། མཛའ་བརྩེ་དེ་ཇེ་སྲབ་དང་ཇེ་ཞན་ཏུ་གཏོང་འགྲོ་ལ། རང་ལ་ཤ་ཚ་བའི་མི་དེའི་དང་ཐོག་གི་མཛེས་པའི་སེམས་ཁམས་དེ་དང་དག་གཙང་གི་ཀུན་སྤྱོད་མེད་པར་བཟོས་འགྲོ། དེ་བས་སྤྱི་ཚོགས་ཀྱི་ངོ་བོ་ཡང་རང་བཞིན་གྱིས་འགྱུར་འགྲོ།
      ནམ་ཡིན་རུང་། ང་ཚོས་འཇིག་རྟེན་འདིའི་སྟེང་ནས་གཞན་གྱིས་གནང་བའི་ལེགས་སྐྱེས་ཏག་ཏག་རོལ་མྱོང་བྱས་ནས་ཡོད། འཚོ་བའི་ཐད་ཡང་ན་སེམས་ཁམས་ཀྱི་ཐད་ནས། གང་ཅིའི་ཐད་ནས། བསམ་བློ་ཞིབ་མོའི་སྒོས་འདང་རེ་བརྒྱབ་ན། མཛེས་སྡུག་གི་འཚོ་བ་འདི་གཞན་གྱིས་སྦྱིན་པ་ཡིན་འདུག   འཇིག་རྟེན་འདི་ངོ་མ་མཛེས་སྡུག་དང་བྱམས་སེམས་ཆེ། ནངས་སྔ་མོར་གཞན་གྱིས་ཁྱེད་ལ་རླངས་པ་ཐུལ་ཐུལ་གྱི་གོ་རེ་དང་དྲོད་ལྷོག་ལྷོག་གི་འོ་མ་བསྐྱེལ་ཡོང་། གློག་བརྙན་གྱི་སྒོ་ཕྱེ་མ་ཐག་མདོ་འཛིན་པས་ང་ཚོ་དང་འཕྲོད་པའི་ཞོགས་པའི་གསར་འགྱུར་སོགས་འདི་ཚང་མས་ང་ཚོ་ལ་ལྷོད་ལྷོད་པའི་སེམས་ཁམས་ཤིག་དང་དྲོད་ལྷང་ལྷང་གི་འཚོ་གནས་ཞིག་སྦྱིན་པ་མ་ཡིན་ནམ།
      འཇིག་རྟེན་འདི་ཐེ་ཚོམ་དང་རྣམ་རྟོག་གི་དབང་དུ་མ་བསྒྱུར། རང་ལ་ཤ་ཚ་བའི་མི་དེར་ཨ་ལན་རེ་སྟེར་རོགས། འདི་ནི་ང་ཚོས་ཆེས་རྩ་བའི་སྟེང་ནས་རང་ལ་ཤ་ཚ་བའི་མི་དེར་དྲིན་ལན་འཇལ་བའི་ཐབས་ལམ་ཡིན།