རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་2018ལོའི་ལོ་གསར་གྱི་ཤིས་ཚིག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-02   རྩོམ་ཁུངས།    མི་དམངས་དྲ་བ།

  



  མི་དམངས་དྲ་བའི་འཕྲིན། ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་(ཀྲུང་གོ་གོ་ལའི་བརྙན་འཕྲིན་དྲ་བ)དང་དྲ་སྦྲེལ་བཅས་བརྒྱུད། 2018ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཤིང་། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།

  ལྷན་རྒྱས་སྐུ་ཁམས་བཟང་། དུས་ཚོད་ནི་ཤིན་ཏུ་འགྲོ་མགྱོགས་ཤིང་ཡུད་ཙམ་ཞིག་ལ་ང་ཚོས་སྤྱི་ལོ་2018ལོ་བསུས་ཡོད། འདི་གར་ངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ལ་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ལ། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲོགས་པོ་རྣམས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།
  བྱས་པའི་ལས་ལ་འབྲས་བཟང་ཐོབ། ཉིན་བཞིན་རྣམ་པ་གསར་པ་ཐོན། སྤྱི་ལོ་2017 ལོར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་ཚུགས་པ་རེད། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་80ཟིན་པའི་སྐས་རིམ་ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་གསར་པ་མི་ཁྲི་1300འཕར་བ། སྤྱི་ཚོགས་རྒན་གསོ་འགན་བཅོལ་མི་དུང་ཕྱུར་9ལྷག་ཙམ་ལ་ཁྱབ་པ། གཞི་རྩའི་སྨན་བཅོས་འགན་བཅོལ་མི་དུང་ཕྱུར་13.5ལ་ཁྱབ་པ། སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད། “སྡོད་ཁང་ཁྲི་སྟོང་ཡངས་ཤིང་སྐྱིད། ཀུན་གྱི་བཞིན་ནས་འཛུམ་མདངས་འཕྱུར” མི་འབོར་དབུལ་པོ་ཁྲི་340ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཏེ་དྲོ་སྐྱིད་ལྡན་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ལས་འགོ་བཙུགས་པའི་ནང་སྔ་སྣུར་དུ་སྡོད་ཁང་ཁྲི་600བསྐྲུན་པའི་དམིགས་ཚད་ལས་འགན་བསྒྲུབས་ཡོད། དམངས་འཚོའི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྣོད་བཅུད་ཁོར་ཡུག་རིམ་བཞིན་ལེགས་བཅོས་བྱུང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་སླར་ཡང་གོམ་པ་ཆེན་པོ་སྤོས་ཡོད།


  ཚན་རྩལ་གསར་གཏོད་དང་ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་ལས་ཡུལ་ནས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་ཡོད། སྲུང་སྐར“ཤེས་རབ་ཀྱི་སྤྱན”བར་སྣང་མཐོངས་སུ་འཕངས་པ་དང་། C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕུར་སྐྱོད་ལེགས་གྲུབ་བྱུང་བ། ཚད་རྡུལ་རྩིས་འཁོར་ཞིབ་བཟོ་ལེགས་གྲུབ་བྱུང་བ། མཚོ་སྐྱེས་ཆུ་འབྲས་ཐོན་འབོར་ཚོད་རྩིས་ཐུབ་པ། རང་རྒྱལ་ནས་ཐོན་པའི་གྲུ་གཟིངས་ཨ་མ་མཚོ་ཐོག་བཏང་བ། “མཚོ་གཤོག”རྟགས་ཅན་གྱི་མཚོ་གཏིང་རླུང་འདེད་འཕྲུལ་འཁོར་གྱིས་མཚོ་ནང་དུ་ལྟ་ཞིབ་ཚད་ལེན་བྱས་པ། མཚོ་ཁོངས་ཀྱི་འབར་རུང་འཁྱགས་པ་སྔོག་འདོན་ཐོག་མར་ལེགས་གྲུབ་བྱུང་བ། དབྱང་ཧྲན་གྱི་དུས་མཚམས་བཞི་པའི་རང་འགུལ་རྣམ་པའི་གྲུ་ཁ་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ། ཀང་ཀྲུའུ་ཨའོ་ཟམ་ཆེན་ལས་གཞི་གཙོ་བོ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ། བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་མེས་རྒྱལ་གྱི་ས་གཞི་ཆེ་མོར་བྱ་འཕུར་བ་ལྟར་འགྲོ་བ་སོགས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་སྟོབས་ཤུགས་ལ་ངས་དགའ་འབོད་ཞུ་རྒྱུ་ཡིན།
  ང་ཚོས་ཀྲུའུ་རི་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་དངོས་འཐབ་ཀྱི་སྦྱོང་བརྡར་བྱས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་དྲན་གསོ་ཞུས་ཡོད། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་སྐབས་དེར་ང་ཤང་ཀང་ལ་བསྐྱོད་པ་ཡིན། མེས་རྒྱལ་གྱི་རྒྱབ་རྟེན་སྟོབས་ཆེན་ཡོད་པས་ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་མིག་མཐོང་ལག་ཟིན་བྱུང་ལ་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད། ང་ཚོས་ད་དུང་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་དང་ནན་ཅིང་དམར་གསོད་ཆེ་མོར་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་གཟབ་རྒྱས་འཚོགས་ནས་ལོ་རྒྱུས་བློ་ལ་བརྟན་པོར་བཅངས་པ་དང་ཞི་བདེ་ཡོང་བའི་སྨོན་འདུན་ཞུས་ཡོད།
  ང་ཚོས་རྒྱལ་ནང་དུ་ཕྱོགས་མང་ཕྱི་འབྲེལ་བྱེད་སྒོ་ཁ་ཤས་སྤེལ་བའི་ནང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་དང་པོ་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་གྱི་མཇལ་འཛོམས། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུ་བཅས་ཚུད་ཡོད། ང་ད་དུང་འཛམ་གླིང་གི་ཕྱོགས་མང་གྲོས་ཚོགས་གལ་ཆེན་ཁ་ཤས་ལ་ཞུགས་པ་ཡིན། 2017ལོའི་ལོ་འགོར། ང་ཏ་ཝོ་སིའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ལ་ཞུགས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་སྤྱི་ཁྱབ་པུར་གཏམ་བཤད་སྤེལ་བ་ཡིན། ཕྱིས་སུ་སླར་ཡང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་སོགས་ལ་ཞུགས་པ་ཡིན། ཚོགས་ར་མི་འདྲ་བ་དེ་དག་སོ་སོར་ངས་འབྲེལ་ཡོད་ཕྱོགས་ཁག་དང་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་། ཚང་མས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་བས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཅེས་བསྔགས་བརྗོད་བྱས་བྱུང་།
  2017ལོར། ང་ལ་སླར་ཡང་མང་ཚོགས་ཀྱི་ཡི་གེ་མང་པོ་ལག་འབྱོར་བྱུང་བའི་ནང་དུ་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་ཚོ་དང་། ནང་སོག་སུའུ་ཉི་ཐེ་ཡིའུ་ཆི་ཝུའུ་ལན་རིག་གནས་རྟ་དམག་རུ་མི་ཚོ། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྒན་གྲས་བཅས་ཡོད་ལ། ནན་ཁའེ་སློབ་ཆེན་གྱི་དམག་མིར་ཞུགས་མ་ཐག་པའི་སློབ་གྲྭ་ཆེ་མོ་བ་ཡང་ཡོད། ཁོང་ཚོའི་གཏམ་རྒྱུད་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།  རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་རྒྱལ་གཅེས་ལེགས་སྐྱེས་མཐའ་འཁྱོངས་བྱེད་པ་དེས་ང་ལ་མང་ཚོགས་ཁྲི་སྟོང་མང་པོ་ནི་ཆེས་རླབས་ཆེན་ཡིན་པའི་ཚོར་སྣང་བྱུང་བ་དང་ཆབས་ཅིག་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཞིག་ཡིན་པའི་ཚོར་སྣང་ཡང་བྱུང་།