རྒྱལ་རོང་གི་རིག་གནས་དཔེ་ཚོགས་ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཁྲི་འདུ་རུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-12-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        སྤྱི་ཟླ12པའི་ཚེས15ཉིན། རྔ་བ་ཁུལ་བོད་ཀྱི་ལོ་རྒྱུས་རིག་གནས་དང་གནའ་དཔེ་ཞིབ་འཇུག་མཐུན་ཚོགས་ཀྱིས་སྡུད་སྒྲིག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་དེ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས།  

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།

        དཔེ་ཚོགས་འདིའི་ནང་དུ་རྒྱལ་རོང་ཡུལ་གྱི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། བན་བོན་གྱི་ཆོས་ལུགས། མི་སྣའི་རྣམ་ཐར། དམངས་ཁྲོད་སྒྱུ་རྩལ། སྐར་རྩིས། མོ་རྩིས། གཞུང་ཡིག གནས་རི་དང་བན་བོན་དགོན་སྡེ་ཁག་གི་རིག་གནས་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་རྩ་ཆེན་མང་པོ་ཕྱོགས་བསྒྲིགས་བྱས་ཡོད།

        ཐེངས་འདིའི་ཚོགས་ཐོག་ཏུ་དཔེ་ཚོགས་འདི་ཉིད་སྒྲིག་སྒྱུར་གནང་མཁན་གྱི་མི་སྣ་རྣམས་དང་། རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་སྐོར་གྱི་ཆེད་མཁས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། དེ་བཞིན་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཡོངས་བཅས་ཁྱོན་མི་གྲངས་ལྔ་བཅུ་ལྷག་ཞུགས་ཡོད།

 

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།

        བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་ལགས་ཀྱིས་གཙོ་སྐྱོང་གནང་སྟེ་འགོ་ཁྲིད་དང་ཆེད་མཁས་པ། སྐུ་མགྲོན་བཅས་ངོ་སྤྲོད་གནང་རྗེས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཞེས་པ་དཔེ་སྐྲུན་གནང་བའི་བརྒྱུད་རིམ་དང་། དོན་སྙིང་བཅས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་།

 

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པ།

    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་སི་ཁྲོན་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་ཁང་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་དཔེ་མཛོད་ཁང་། རོང་བྲག་རྫོང་གུང་གཞོན་ཚོགས་ཨུ། རོང་བྲག་རྫོང་རྒྱལ་རོང་རིག་གནས་འཕེལ་རྒྱས་ལྟེ་གནས་སོགས་ལས་ཁུངས་ཁག་ལ་པོད་བཅུའི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་ཉིད་ལེགས་སྐྱེས་སུ་ཕུལ།

 

དཔེ་ཆ་འབུལ་བའི་མཛད་སྒོའི་མཉམ་པར།

        དེར་མཐུད་ནས་ཐེངས་འདིའི་ཚོགས་ཐོག་ཏུ་ཕེབས་པའི་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་དཔེ་ཚོགས་འདི་རྩོམ་སྒྲིག་གནང་བའི་དམིགས་ཡུལ་དང་། ནང་དོན། ཡིག་ཆའི་ཡོང་ཁུངས། རིན་ཐང་བཅས་ཀྱི་ཐད་ནས་གསུང་བཤད་ལྷུག་པོར་གནང་བ་དང་། རིམ་བཞིན་རྒྱལ་མོ་ཚ་བ་རོང་གི་ཤེས་རིག་སྐོར་གྱི་ཆེད་ལས་མཁས་པ་རྣམས་ཀྱིས་དཔེ་ཚོགས་འདི་ཉིད་པར་སྐྲུན་གནང་བ་ཡིས་བོད་ཀྱི་ཤེས་རིག་སྤྱི་དང་སྒོས་སུ་རྒྱལ་རོང་གི་ཤེས་རིག་ཐད་ནས་སྔར་མེད་པའི་དཔྱད་གཞིའི་ཡིག་ཆ་དང་ལོ་རྒྱུས་ཀྱི་སྟོང་ཆ་གསར་པ་ཞིག་བསྐངས་ཡོད་པ་དང་། འདིས་ཕྱིས་འབྱུང་གི་རྒྱལ་རོང་ཡུལ་གྱི་ཆོས་ལུགས་རིག་གནས་དང་། ལོ་རྒྱུས། སྐད་བརྡ། ཡུལ་སྲོལ་གོམས་གཤིས་བཅས་རྒྱུན་འཛིན་དང་དར་སྤེལ། ཡང་ན་ཞིབ་འཇུག་བྱེད་པ་སོགས་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་གནང་ཡོད་ཚུལ་ཐད་ནས་གདེང་འཇོག་ཆེན་པོ་གནང་། 

        དཔེ་ཚོགས་འདིར་དེ་ཡང་བོད་རིག་པ་ཞིབ་འཇུག་ཅེས་གྲགས་སྙན་འཛམ་གླིང་གི་ཐ་གྲུ་ཀུན་ལ་ཁྱབ་ཡོད་ཀྱང་། བོད་ཀྱི་གནའ་བོའི་ཞང་ཞུང་རིག་གནས་དར་བའི་ལུང་པ་སྟེ་ཤར་རྒྱལ་མོ་ཚ་བ་རོང་གི་རིག་གནས་སྐོར་ནས་དཔྱད་གཞིའི་ཡིག་ཆ་དཔར་དུ་བཏབ་པ་དང་ཉམས་ཞིབ་བགྱིས་པ་ཤིན་ཏུ་ཉུང་བ་དང་།མཁས་རློམ་ཅན་མང་པོས་ལོ་རྒྱུས་འཁྱོག་བཤད་དང་གང་བྱུང་བབ་ཅོལ་དུ་སྨྲ་བའི་བྱེད་སྟངས་ལ་དམིགས་ནས། རིག་གནས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་རླབས་ཆེན་འདི་ཉིད2006ལོ་ནས་འགོ་བརྩམས་པ་ཡིན་ལ། སྔ་ཕྱིར་བགྲང་བྱ་བཅུ་གཉིས་ལྷག་གི་རིང་མ་ཕྱི་འཚོལ་སྡུད་དང་དག་སྒྲིག ལོ་ཙཱ་བཅས་ཀྱི་ལས་ཀ་ལེགས་པར་གྲུབ་སྟེ། ད་ལམ་པོད་བཅུ་ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་ཉིད་བློ་ལྡན་དོན་གཉེར་ཅན་དག་གི་བསོད་ནམས་ཀྱི་བགོ་སྐལ་དུ་འབུལ་ཐུབ་པ་བྱུང་བས་ཀུན་ལ་ཕན་པར་གྱུར་ཅིག་གུ།