བདེ་ཆེན་ཁུན་མིང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཡུལ་སྐོར་མནའ་འབྲེལ་ནང་ཞུགས་པ།

རྩོམ་པ་པོ།   ཡང་ཡུང་།  ཡིག་བསྒྱུར།       དུས་ཚོད།   2017-11-20   རྩོམ་ཁུངས།    ཡང་ཡུང་།

 


ཟླ11པའི་ཚེས་16ཉིན་གྱི་ཕྱི་དྲོར། 2017ལོའི་ཁུན་མིང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཡུལ་སྐོར་མཉམ་ལས་ཚོགས་ཆེན་དེ་ཁུན་མིང་གྲོང་ཁྱེར་ནས་འཚོགས་པ་རེད།   ཚོགས་ཆེན་ཐོག་ཁུན་མིང་གྲོང་ཁྱེར་གྱིས་ཁུན་མིང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཡུལ་སྐོར་མནའ་འབྲེལ་འཛུགས་རྒྱུ་འགོ་རྩོམ་པ་དང་། འབར་མའི་རང་ཀོང་དང་། ལོ་སིའི་ཝན་ཐེན། མ་ལེ་ཞི་ཡའི་ཀུའུ་ཅིན་ནན། ཁམ་ཕུ་ཁྲེའི་ཅིན་པེན། ནེ་པ་ལའི་པོ་ཁེ་ལ་སོགས་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར5དང་ཁུན་མིང་གྲོང་ཁྱེར།  བདེ་ཆེན།  ས་ཐམ།   ཤིས་ཧྲོང་པན་ན། ཧུང་ཧོ།  ཏའེ་ཧུང་སོགས་ཡུལ་སྐོར་ཁུལ་དང་གྲོང་ཁྱེར་6གི་འཐུས་མིས་ས་ཁོངས་ཡུལ་སྐོར་མཉམ་ལས་ཀྱི་ཇུས་ཆེན་ལ་མཉམ་གྲོས་བྱེད་པའི་གྲོས་གཞི་བཏོན་པ་རེད།

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཚོགས་འདུར་ཕེབས་ནས་རང་ཞིང་གི་ཡུལ་སྐོར་གཙོ་བོ་ཁུལ་དང་གྲོང་ཁྱེར་བརྗོད་དོན་བྱས་ནས་གཏམ་བཤད་གནང་བ་དང་། བདེ་ཆེན་ཁུལ་གྱིས་ཚབ་བྱས་ཏེ་མཉམ་ལས་བསྒྲགས་གཏམ་ལ་མིང་རྟགས་བཀོད་པ་རེད།   

 ཆི་ཅན་ཞིན་གྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་སྐབས། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་ལས་བྱས་ན་གཞི་ནས་གཉིས་ཕན་ཡོང་ཐུབ་པ་རེད། ཁུན་མིང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཡུལ་སྐོར་མནའ་འབྲེལ་བཙུགས་པ་ནི་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ལག་ལེན་མཐར་ཕྱིན་བཏང་སྟེ་ས་ཁོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དོན་ཆེན་ཞིག་ཡིན་ཞེས་གསུངས།

     རྗེས་མར་མཛའ་མཐུན་གྲོང་ཁྱེར་ཁག་གིས་མཉམ་ལས་ཡུལ་སྐོར་ཁྲོམ་རའི་ཐོན་རྫས་ཁྱབ་གདལ་གཏོང་བར་ཤུགས་སྣོན་དང་། རེས་མོས་གྱིས་མནའ་འབྲེལ་ཡུལ་སྐོར་ཁྲོམ་ར་རྒྱ་བསྐྱེད་གཏོང་བའི་བྱེད་སྒོ་སྒྲུབ་ནས། ཡུལ་སྐོར་གྱི་བརྡ་ཁྱབ་ཐོན་ཁུངས་ཕན་ཚུན་བརྗེ་རེས་དང་ཡུལ་སྐོར་བའི་ཐོན་ཁུངས་ཕན་ཚུན་ལ་སྐྱེལ་རེས་བྱེད་པའི་གྲོས་གཞི་བཏོན་པ་རེད།   ཆི་ཅན་ཞིན་གྱིས་ད་དུང་ཚོགས་ཞུགས་འཐུས་མི་རྣམས་ལ་བདེ་ཆེན་གྱི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པ་རེད།

མཉམ་ལས་བསྒྲགས་གཏམ་ལ་གཞིགས་ཏེ། བསྟུན་མཁས་པ་དང་། མཉམ་དུ་རོལ་བ།གཉིས་ཕན་བཅས་ཀྱི་རྩ་དོན་ལ་དམིགས་ནས། མནའ་འབྲེལ་གྲོང་ཁྱེར་ཁག་གིས་ལོ་གཉིས་ནང་ཐེངས་རེར་ཁུན་མིང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཡུལ་སྐོར་མནའ་འབྲེལ་གྲོང་ཁྱེར་མཐོ་རིམ་གླེང་སྟེགས་སྒྲུབ་པ་དང་། མཛའ་མཐུན་གྲོང་ཁྱེར་གྱི་མནའ་འབྲེལ་གྲོང་ཁྱེར་སྐོར་སྐྱོད་འགྲེམས་སྟོན།  མནའ་འབྲེལ་གྱི་འཕེལ་རྒྱས་སྙན་ཞུ་ཁྱབ་བསྒྲགས། རྒྱལ་སྤྱིའི་ཡུལ་སྐོར་ཤེས་ལྡན་པ་གསོ་སྐྱོང་དང་གསོ་སྦྱོང་རྟེན་གཞི་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཐུན་མོང་གིས་ས་ཁོངས་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།