མང་ཚོགས་ལ་འབབ་འཕར་ཡོང་བའི་ཐབས་ལམ་བཏོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-31   རྩོམ་ཁུངས།    མི་དམངས་དྲ་བ།

    ལོ་62ལ་སླེབས་པའི་གཡུ་མཚོས་ཉིན་ལྟར་རང་ཁྱིམ་གྱི་རྒུན་འབྲུམ་ཞིང་ཁའི་ནང་རྒུན་འབྲུམ་གྱི་སྐྱེ་འཚར་ལ་བལྟས་རྗེས་དགའ་ཚོར་ཆེན་པོས“དེ་ནི་ང་ཚོ་ནང་ཚང་འབབ་འཕར་ཡོང་བའི་མཆོག་ནོར་ཞིག་ཡིན”ཞེས་བཤད།
    གཡུ་མཚོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཡུན་ལིང་ཤང་གསལ་ནང་གྲོང་ཚོའི་བོད་རིགས་གྲོང་མི་ཞིག་ཡིན་པ་དང་གྲོང་ཚོར་རྒུན་འབྲུམ་འདེབས་འཛུགས་ལས་དོན་ཁྱབ་གདལ་གཏོང་སྐབས་ཁོང་གིས་བློ་ཁོག་ཆེན་པོས་དེའི་ནང་ཞུགས།
    སྲོལ་རྒྱུན་གྱི་ཞིང་འབྲོག་ཁྱིམ་དུད་ཅིག་གི་ངོས་ནས་བརྗོད་ན་སྲོལ་རྒྱུན་གྱི་ནས་འདེབས་འཛུགས་བྱེད་པའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་རྒྱུ་ནི་ལས་སླ་པོ་ཞིག་མིན། དང་ཐོག་གཡུ་མཚོའི་སེམས་ལ་ཐེ་ཚོམ་ཡང་བྱུང་ཡོད་མོད། འོན་ཀྱང་ཁོང་གིས་སྲིད་གཞུང་གིས་རིན་པ་སྤྲོད་མི་དགོས་པར་རྒུན་འབྲུམ་གྱི་ལྕུག་ཕྲན་དང་། ཨར་འདམ་གྱི་འདེགས་ཤིང་། པང་ལེབ་སོགས་སྤྲད་ནས་རྒྱབ་སྐྱོར་བྱས་པ་མ་ཟད། རྒུན་འབྲུམ་གྱི་འབྲས་བུ་མི་བཏགས་པའི་ལོ་གསུམ་རིང་ད་དུང་ཁ་གསབ་རོགས་དངུལ་སྤྲོད་པ་ཤེས་རྟོགས་བྱུང་རྗེས་ཁོ་མོས་ཚོད་འདེབས་བྱ་རྒྱུའི་སེམས་ཐག་བཅད།

    “འདེབས་འཛུགས་ཇི་ཙམ་བྱས་ན་ཡོང་འབབ་དེ་ཙམ་ཐོབ”ཞེས་པ་ལྟར་ལོ་དང་པོའི་མུའུ་1ནས་ད་ཆའི་མུའུ་4.6བར་རྒྱ་ཆེར་བཏང་བས་རྒུན་འབྲུམ་བཏབ་པའི་ཡོང་འབབ་ཀྱང་ཐོག་མའི་སྒོར་1000ནས་ད་ལྟའི་སྒོར་ཁྲི་2ལྷག་ཙམ་བར་མང་དུ་ཕྱིན་སོང་། ཡོང་འབབ་དེ་དག་ལས་ཁྱིམ་ཚང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ཁྱིམ་སྤྱོད་གློག་ཆས་ཀྱང་གསར་པ་ཉོས་པ་ཡིན་ཞེས་གཡུ་མཚོས་བཤད།
    རྒུན་འབྲུམ་གྱི་འཚོང་ལམ་འགན་ལེན་བྱ་ཆེད་ས་གནས་འདི་གས་རྒུན་འབྲུམ་ཨ་རག་བཟོ་གྲྭ་ནང་འདྲེན་བྱས། “ང་ཚོས་བཟོ་གྲྭའི་རེ་བ་ལྟར་ཤུབ་གཡོག་ནས་འདེབས་འཛུགས་བྱས་ཏེ་ནད་དང་འབུའི་གནོད་འཚེ་ཕོག་ཚད་ཉུང་དུ་གཏོང་བ་དང་རྒུམ་འབྲུམ་གྱི་སྤུས་ཚད་མཐོ་རུ་གཏོང་གི་ཡོད་པས་འཚོང་མི་ཐུབ་པའི་སེམས་ཁྲལ་མི་འདུག”ཅེས་གྲོང་མི་བདེ་སྨོན་སྒྲོལ་མས་གསར་འགོད་པར་བཤད།
    ཚད་ལྡན་ཅན་གྱི་འདེབས་འཛུགས་བྱེད་སྟངས་ལས་ས་གནས་འདི་གའི་རྒུན་འབྲུམ་འདེབས་འཛུགས་ལ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཡོད། “ཡུན་ནན་བདེ་ཆེན་དུ་བཏབ་པའི་རྒུན་འབྲུམ་ཚང་མར་དམིགས་བསལ་གྱི་བྲོ་བ་ལྡན་ཡོད། ཀུང་སིས་ལོ་ལྟར་ཞིང་དུད་2800ལྷག་ཙམ་ནས་རྒུན་འབྲུམ་ཏུན་4500ལྷག་ཙམ་ཉོ་གི་ཡོད། རྒུན་འབྲུམ་དེ་བདེ་ཆེན་བོད་རིགས་ས་ཁུལ་མང་ཚོགས་ཀྱི་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་སེམས་ཀྱི་ཉི་ཟླ་ཨ་རག་ལས་རིགས་ཀྱི་འགན་འཁུར་བ་ཝུའུ་ཧྲུའེ་ལིན་གྱིས་བཤད།
    གཡུ་མཚོ་དང་བདེ་སྨོན་སྒྲོལ་མས་བརྒྱུད་པའི་གནས་ཚུལ་ནི་ས་གནས་དེ་གས་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱས་ནས་གྲོང་མིའི་ཡོང་འབབ་མང་དུ་བཏང་བའི་བསྡུས་རིས་ཤིག་ཡིན། བདེ་ཆེན་རྒུན་འབྲུམ་ཐོན་ལས་གླིང་དོ་དམ་ཨུ་ལྷན་གྱི་འགན་ཁུར་བས་བདེ་ཆེན་རྫོང་གིས་སྲིད་གཞུང་དང་ཁེ་ལས་དང་། ཞིང་པ་དང་ཁེ་ལས་མཉམ་ལས་བྱས་ནས་རྒུན་འབྲུམ་གྱི་ཐོན་ལས་མེད་པ་ནས་ཡོད་པའི་བར་དང་རྫ་ཆུ་དང་འབྲི་ཆུའི་རྒྱུད་དུ“རྒུན་འབྲུམ་གྱི་ལུང་གཞུང”བཏོད་ཡོད། ན་ནིང་བདེ་ཆེན་རྫོང་གི་རྒུན་འབྲུམ་ཐོན་འབབ་ནི་ཏུན་5894.7ཡིན་པ་དང་། ཞིང་དུད་ཀྱི་ཡོང་འབབ་ནི་སྒོར་ཁྲི་3571.2ཡིན་པ། དུད་ཚང་རེའི་ཡོང་འབབ་ནི་སྒོར་ཁྲི་1.29ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
   གསར་འགོད་པས་ཤེས་རྟོགས་བྱས་པར། སླད་ཕྱིན་བདེ་ཆེན་རྒུན་འབྲུམ་གླིང་གི་གཉེར་སྐྱོང་དོ་དམ་རྣམ་པ་དེ“ཀུང་སི+རྟེན་གཞི+ཞིང་དུད”ནས“ཀུང་སིས་ཐད་ཀར་ས་ཞིང་བོགས་ལེན”བྱེད་པའི་ཚན་ལྡན་ཅན་གྱི་གཉེར་སྐྱོང་ལ་བསྒྱུར་ནས་དོ་དམ་བྱེད་སྟངས་དཔེ་གསར་སྔར་བས་ཁྱབ་གདལ་གཏོང་རྒྱུ་དང་ཞིང་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་རེད།
    ཡུན་རིང་མ་འགོ་བར་གཡུ་མཚོའི་ཁྱིམ་གྱི་ས་ཞིང་ཐོག་བཏབས་པའི་རྒུན་འབྲུམ་དེ་དག་ས་གནས་དེ་གའི་རྒུན་འབྲུམ་ཨ་རག་བཟོ་གྲྭར་སྐྱེལ་རྒྱུ་རེད། ཁོ་མོས་རྒུན་འབྲུམ་གྱི་སྐྱེ་འཚར་ལ་བལྟས་ན་འདི་ལོ་རྒུན་འབྲུམ་གྱི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཐུབ་ཅེས་བཤད་པ་རེད།