ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད།

རྩོམ་པ་པོ།   ཀྲུང་གོའི་བོད་ལྗོངས་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2017-10-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    (2017ལོའི་ཟླ་10ཚེས་24ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

     ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བཏོན་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ་དང་བཟོ་བཅོས་འཆར་ཟིན་དེ་གྲོས་འཆམ་བྱུང་བའི་ཉིན་མོ་དེ་ནས་བཟུང་གོ་ཆོད་པའི་གཏན་འབེབས་བྱས་པ་རེད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་པ་དང་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་འབྲེལ་བྱེད་པའི་ཐོག་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་བྱས་ནས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ཆ་ལག་ཚང་བའི་སྒོ་ནས་ལན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག ཏང་དང་མི་དམངས་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཕྱིར་འབད་འབུངས་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མིའི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཚོགས་ཆེན་ཐོག་ཏང་གི་སྒྲིག་ཡིག་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་དང་མཉམ་དུ་ཏང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩི་རྒྱུར་ཐུན་མོང་ཐོག་མོས་མཐུན་བྱས་ཡོད། ཚོགས་ཆེན་ཐོག་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པ་དང་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ཆེ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ་དང་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་ཐད་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན། ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་དང་མཉམ་དུ་ཏང་གི་སྒྲིག་ཡིག་ནང་བཅུག་པས་ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་རྒྱུར་ཕན་པ་ཡོད། ཚོགས་ཆེན་ཐོག་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གིས་དཀའ་བ་སྤྱད་དེ་བཏོད་པའི་ལམ་བུ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག ལམ་ལུགས། རིག་གནས་བཅས་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། ཡུན་རིང་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་གོང་འཕེལ་གཏོང་བ་བཅས་བྱེད་པ་དང་འབྲེལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་དང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་པོ་ཆེ་ཤོས་ཡིན་ལ། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཡང་ཡིན། ཚོགས་འདུའི་ཐོག་ཏང་གི་སྒྲིག་ཡིག་ནང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བརྗིད་ཆེའི་དམིགས་ཚད་ཁ་གསལ་འདོན་རྒྱུ་ཡིན་པ་མོས་མཐུན་བྱས་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བའི་ཆབ་སྲིད་ཀྱི་བརྡར་ཤ་གལ་ཆེན་བཅད་པ་དེ་ཐོག་ནས་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་མཚོན་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཇུས་གལ་ཆེན་དང་ཕུགས་ཀྱི་འཐབ་ཇུས་བཟོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ཏང་གི་སྒྲིག་ཡིག་ནང་དེའི་ཐད་ལྟོས་བཅས་ཀྱི་བཟོ་བཅོས་བརྒྱབ་ནས་ང་ཚོས་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ་དང་ཏང་དང་རྒྱལ་ཁབ་བྱ་གཞག་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། གསར་གཏོད་དང་། མཐུན་སྦྱོར་དང་། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་ཀྱི་ཐོག་ནས་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་དམིགས་ཡུལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས། འཐབ་ཇུས་ཀྱི་བཀོད་ཇུས། འཐབ་ཇུས་ཀྱི་དམིགས་ཚད་བཅས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་མཚོན་ཡོད། རྒྱལ་དམངས་དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བ་དང་། དེ་བས་ལས་ཆོད་ལྡན་པ། དེ་བས་དྲང་སྙོམས་ལྡན་པ། དེ་བས་རྒྱུན་མཐུད་ཐུབ་པའི་སྒོ་ནས་འཕེལ་རྒྱས་འགྲོ་བ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱི་ཆ་ལག་ཚང་བའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དེ་བས་སྣང་ཆེན་བྱེད་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་བཅུག་པ་དེས་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་གཅོད་པ་དང་འཐབ་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་ཡོང་བར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛུགས་པ་དང་ལག་ལེན་བསྟར་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱ་རྒྱུར་ཕན་པ་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་གནང་ཡོད། ཚོགས་ཆེན་ཐོག་ཐོན་ཁུངས་བཀོད་སྒྲིག་ནང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་བསྐྲུན་ནས་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་། རིམ་མང་། ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ཏེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་བྱེད་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ནང་དོན་ཏང་ཡིག་སྒྲིག་ཡིག་ནང་འགོད་རྒྱུའི་མོས་མཐུན་བྱས་ཡོད། དེ་དག་འཐུས་ཚང་དུ་བཏང་བ་དེས་ཏང་ཡོངས་ཀྱིས་དེ་བས་རང་འགུལ་དང་དེ་བས་བློ་བརྟན་འགྱུར་མེད་ངང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་། མི་རིགས་མཐུན་སྒྲིལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར། འཐབ་ཕྱོགས་གཅིག་གྱུར། ཕྱི་འབྲེལ་ལས་དོན་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་དགོངས་པ་གལ་ཆེན་དང་ལྟ་བ་གལ་ཆེན་རབ་དང་རིམ་པ་བཏོན་གནང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད། ཚོགས་ཆེན་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་ཀྱི་དྲག་ཆས་སྟོབས་ཤུགས་གཞན་དག་ལ་འགོ་ཁྲིད་གཙང་བཙན་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་བཞིན་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་ཀྱིས་ཏང་གི་བཀོད་པརཉན་པ་དང་། རྒྱལ་ཁའི་དམག་རྒྱག་ཐུབ་པ། སྤྱོད་ཚུལ་ལེགས་པའི་མི་དམངས་དམག་དཔུང་གཅིག་བཏོད་ནས་མི་དམངས་བཅིངས་འགྲོལ་དམག་གིས་དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་བསྒྲུབ་རྒྱུར་འགན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལ་རྒྱ་དང་ཕན་བདེའི་ལྟ་བ་ཡང་དག་མཐའ་འཁྱོངས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་གྲོས་བསྡུར་དང་། འཛུགས་སྐྱོང་། མཉམ་སྤྱོད་བཅས་ཀྱི་རྩ་དོན་བརྩི་སྲུང་ཞུས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུའི་མོས་མཐུན་བྱས་ཡོད། ནང་དོན་དེ་དག་འཐུས་ཚང་དུ་བཏང་བ་དེས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་ཤུགས་སྣོན་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། རང་རྒྱལ་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་ཕན་པ་ཡོད།

      ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་པས། ཉམས་མྱོང་བཟང་པོ་དང་གྲུབ་འབྲས་གལ་ཆེན་མང་དག་ཅིག་ཐོབ་པ་དེ་དག་ངེས་པར་དུ་ཏང་གི་སྒྲིག་ཡིག་ནང་དུས་ཐོག་ཏུ་མངོན་པར་བྱས་ནས་དེ་ཏང་ཡོངས་ཀྱི་ཐུན་མོང་གི་བློ་སྟོབས་དང་ཐུན་མོང་གི་གཞི་འཛིན་སར་འགྱུར་བ་བྱེད་དགོས། ཚོགས་ཆེན་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱུང་བའི་ཏང་གིས་ཏང་ལ་དོ་དམ་ནན་པོ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་དེའི་ནང་ཁྱབ་པ་བྱེད་པ་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུ་དང་། རྒྱུན་ཆད་མེད་པར་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཆང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་གཏོང་བ། དགེ་མཚན་ལྡན་པ་དང་སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཕེལ་རྒྱས་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་གཏོད་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་པ། ཏང་ནན་པོས་སྐྱོང་བ་དང་ཏང་བཅོས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་བྱེད་སྐབས་ངེས་པར་དུ་མངོན་འགྱུར་མཐའ་གཅིག་ཏུ་བྱེད་དགོས་པའི་གཞི་རྩའི་བླང་བྱའི་གྲས་ཤིག་ཏུ་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུ་བཅས་ལ་མོས་མཐུན་བྱས་ཡོད། ནང་དོན་དེ་དག་འཐུས་ཚང་དུ་བཏང་བ་དེས་ཏང་འཛུགས་སྐྱོང་གི་དམིགས་ཚད་སྔར་བས་ཁ་གསལ་དང་བཀོད་ཇུས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས། ཏང་ཡོངས་ཀྱིས་དེ་བས་ཚན་རིག་དང་མཐུན་པའི་བསམ་ཕྱོགས་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུར་ཕན་པ་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཤིག་རེད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཀྱང་རེད། ཏང་སྲིད་དམག་དམངས་སློབ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་ཐམས་ཅད་ཀྱི་འགོ་ཁྲིད་ནི་ཏང་ཡིན། ཚོགས་ཆེན་ཐོག་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དེ་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུ་མོས་མཐུན་བྱས་པ་དེས་ཏང་ཡོངས་ཀྱི་ཏང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། ཏང་ཡོངས་ཀྱི་བསམ་བློའི་ཐད་གཅིག་གྱུར་དང་། ཆབ་སྲིད་ཐད་མཐུན་སྒྲིལ། བྱ་སྤྱོད་ཐད་གཅིག་གྱུར་བཅས་མངོན་འགྱུར་བྱ་རྒྱུ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེ་རུ་གཏོང་རྒྱུ། ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམསདང་ཕྱོགས་ཁག་ལ་མཐུན་སྦྱོར་འགན་ལེན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བཅས་ལ་ཕན་པ་ཡོད།

     ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་དང་བསྡུ་ལེན་བྱས་པ་དང་འབྲེལ་སྤྱིའི་རྩ་འཛིན་གྱི་ཆ་ཤས་ལ་བཟོ་བཅོས་རྒྱག་པ་དང་མཐུད་ཐུབ་པ་བྱ་རྒྱུ་དེ་ཏང་གི་སྒྲིག་ཡིག་ནང་གི་སྲོལ་ཡིག་ཁག་གཅིག་ལ་བཟོ་བཅོས་འོས་འཚམ་རྒྱག་པའི་དགོས་པ་ཧ་ཅང་ཆེན་པོ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་རང་འགུལ་ངང་བརྩི་སྲུང་ཞུ་བ། ཏང་གི་རྩ་དོན་ལས་འགལ་བའི་གཏམ་སྤྱོད་དམར་རྗེན་དུ་འདོན་པ་དང་ཡོ་བསྲང་བྱེད་ཕོད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ལ་སྣེ་ཁྲིད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་ནི་རྒྱ་ཆེའི་ཏང་ཡོན་གྱིས་སྒྲུབ་དགོས་ངེས་ཀྱི་འོས་འགན་ཡིན། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་ནི་ཏང་ཡོན་འཕེལ་རྒྱས་གཏོང་བར་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཡིན། སྐོར་གཟིགས་ཚང་མར་ཁྱབ་པ་བྱེད་པ་དང་ཀྲུང་དབྱང་ཚན་པར་སྐོར་གཟིགས་དང་གྲོང་ཁྱེར་དང་རྫོང་ལ་སྐོར་བཤེར་བྱེད་པ་ནི་སྐོར་གཟིགས་ལས་དོན་གྱི་ལག་ལེན་ལས་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པས་ངེས་པར་དུ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་ལག་ལེན་བསྟར་བའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཁ་གསལ་བཟོས་པ་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་དམག་དཔུང་ཁྲོད་ཀྱི་ཏང་གི་ལས་དོན་དང་ཆབ་སྲིད་ལས་དོན་ལ་འགན་ཁུར་བ་ཁ་གསལ་བཟོས་པ་དེ་ལས་དམག་དཔུང་སྒྱུར་བཅོས་བྱས་རྗེས་ཀྱི་ཀྲུང་དབྱང་དམག་ཨུད་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཁུར་བའི་དངོས་ཡོད་ཀྱི་དགོས་མཁོ་མཚོན་ཡོད། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་དུས་ཆད་ལེགས་སྒྲིག་བྱས་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་གནས་བབ་དང་ནུས་པ་ཁ་གསལ་བཟོས་པ། སྤྱི་ཚོགས་རྩ་འཛུགས་ཁྲོད་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ནུས་པའི་ངེས་གནས་དང་འགན་འཁྲི་ལས་འགན་མང་དུ་བཏང་བ། རིམ་ཁག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཁྲོད་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ། ཏང་ཀྲི་པུའི་གནས་བབ་དང་ནུས་པ་ཁ་གསལ་བཟོས་པ། ལས་བྱེད་པའི་འདེམས་བསྐོའི་ཆ་རྐྱེན་དང་བླང་བྱ་འཐུས་སྒོ་ཚང་དུ་བཏང་བ། ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་འབྲེལ་ཡོད་ནང་དོན་ཁག་གཅིག་ལེགས་སྒྲིག་བྱས་པ་སོགས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པ་ཞིག་ཡིན། ནང་དོན་དེ་དག་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུ་ཡིན་པ་དེ་ཏང་ཡོངས་ཀྱིས་ཏང་གི་མཛུབ་ཁྲིད་དགོངས་པ་དུས་བསྟུན་འཕེལ་རྒྱས་ཡོང་ཐུབ་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་པ་ཡོད་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ཡང་ཕན་པ་ཡོད།

     ཚོགས་ཆེན་ཐོག་བླང་བྱ་བཏོན་དོན། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་པ། དེ་བས་རང་འགུལ་གྱི་སྒོ་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱེད་པ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་གྱི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བཅས་བྱ་ཆེད། མུ་མཐུད་འབད་འཐབ་བྱེད་དགོས།