ཡ་རབས་ཅན་གྱི་བུ་ཕྲུག

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2017-10-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ང་ནི་རྒྱུན་པར་བྱ་བའི་དབང་གིས་ཕ་ཡུལ་དུ་ལོག་པའི་གོ་སྐབས་ཤིན་ཏུ་ཉུང་།   སྤྱིར་བཏང་དུ་ལོ་གཅིག་ནང་མང་ན་ཐེངས་གཉིས་དང་ཉུང་ན་ཐེངས་གཅིག   ཡང་ན་ཐེངས་གཅིག་ཀྱང་ལོག་མི་ཐུབ་པའི་གནས་ཚུལ་ཡོད།   ད་ལོའི་ལོ་གསར་ལ་ཕ་ཡུལ་དུ་ལོག་པའི་གོ་སྐབས་བྱུང་བས་སེམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་དང་རེ་སྒུག་གི་འདུན་མས་ཡོངས་སུ་ཁེངས་བྱུང་། 

ཕ་མ་དང་མཇལ་འཛོམས་བྱུང་བའི་བར་གླེགས་དེ་ནི་ཆེས་བདེ་སྐྱིད་ལྡན་པའི་དུས་སྐབས་ཤིག་རེད།   ཕ་མའི་མདུན་ན་ང་ཚོ་ནམ་ཡང་ཡིད་དུ་འོང་བའི་བྱིས་པ་ཡིན།   ཕ་མའི་མདུན་ན་ང་ཚོ་ལ་སྡུག་བསྔལ་དང་སུན་སྣང་མེད།  ཡུན་རིང་མ་མཐོང་བའི་རང་གི་བུ་ཕྲུག་དང་འཕྲད་དུས་ཕ་མའི་གདོང་ལ་ཡིད་ཆེས་དང་སྤྲོ་སྣང་།   འཛུམ་མདངས་གསར་བ་ཞིག་རྒྱས་ཡོད། 

      ལོ་གཅིག་ནི་ཅི་ལྟར་འདས་པའང་ཤེས་ཀྱི་མི་འདུག   ཆེས་མངོན་གསལ་གྱི་འགྱུར་ལྡོག་ནི་ཕ་མའི་གདོང་ལ་སྔར་ལས་ལྷག་པའི་གཉེར་མ་བབས་ཡོད་པ་དང་དཀར་ཐིག་བབས་པའི་སྐྲ་ལོ་ཡང་ཇེ་མང་དུ་ཕྱིན་ཡོད་པ་དེ་རེད།   ཕ་ཡུལ་གྱི་ཁང་མིག་གྲུ་བཞིའི་ནང་ཁོང་གཉིས་ཀྱི་ལས་ཀ་ལ་ནམ་ཡང་ཚར་རྒྱུ་རྫོགས་རྒྱུ་མེད།   ལས་ཀ་ཙག་ཙིག་གི་ཁྲོད་ན་ཁོང་གཉིས་ཀྱི་བདེ་སྐྱིད་དང་སུན་སྣང་།    བརྩོན་འགྲུས་དང་ངལ་དུབ།    རེ་འདུན་དང་འཚོལ་སྙེག་རེ་རེ་ཡོད། ལོ་ལོན་རྗེས་ཕ་མའི་སེམས་ཀྱི་རེ་བ་ཉག་ཅིག་ནི་བུ་དང་བུ་མོ་ཚོ་བར་ཆད་མེད་ཅིང་འཚོ་བ་བདེ་སྐྱིད་ཡོང་རྒྱུ་དེ་རེད།   

      བུ་ཕྲུག་ཡ་རབས་ཅན་ནི་ཕ་མ་བཟང་བོའི་བསོད་ནམས་ཡིན།   བོས་ན་ཨ་ལན་སྟེར།  ཟས་ཞིམ་པོ་ཡོད་ན་ཕ་མར་སྦྱིན།   གོས་ཡག་པོ་ཉོས་ནས་ཕ་མར་གོན།  ཕ་མའི་གནང་བའི་བསླབ་བྱ་ཁ་ལེན་ཚིག་བརྩི་བྱེད།  རང་ཉིད་ཀྱི་ཚེ་སྲོག་ནི་ཕ་མའི་གནང་བ་དང་རང་ཉིད་ཀྱི་ད་ལྟའི་བདེ་སྐྱིད་ཡོད་ཚད་ནི་ཕ་མའི་དཀའ་སྡུག་གི་རྔུལ་ཆུ་དང་སྒེར་སེམས་དང་བྲལ་བའི་བརྩེ་བ་ངོ་མ་ལས་བྱུང་བའི་བཀའ་དྲིན་དེ་མི་བརྗེད་པར་ཕ་མ་གཉིས་ལ་སྲི་ཞུ་གང་ཡག་སྒྲུབས་ཀྱི་ཡོད།   ཕ་མ་ལོ་རྒས་ན་སེམས་ཀྱི་རྟེན་ས་རང་གི་བུ་ཕྲུག་ཡིན།  ཡིན་ནའང་འཁོར་བའི་ལོ་ཟླའི་ནང་དུ་རང་ཉིད་མ་གཏོགས་དྲིན་ཆེན་ཕ་མའི་བདེ་སྡུག་ལ་སེམས་ཁུར་མི་བྱེད་པའི་བུ་ཕྲུག་ཀྱང་གང་མང་མང་ཡིན།  རང་ལ་ཡང་རྒས་པའི་དུས་ཤིག་ཡོད་སྲིད་པས་ཅིས་ཀྱང་བུ་ཕྲུག་ལ་བརྟེན་དགོས་ལ། ཕ་མར་སྲི་ཞུ་སྒྲུབ་ན་བུ་ཕྲུག་གི་བསམ་དོན་ཡང་འགྲུབ་ངེས་ཡིན།