འཆམ་རོགས་དགོངས་པ་མ་ཚོམ།།

རྩོམ་པ་པོ།   བསོད་ནམས་ནོར་བུ།  ཡིག་བསྒྱུར།       དུས་ཚོད།   2017-10-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

འཆམ་རོགས་དགོངས་པ་མ་ཚོམ།།


ཉི་མ་ཤར་གྱི་ཕྱོགས་ལ།།

ཆོས་ཀྱི་རྒྱལ་མཚན་སླེབས་བྱུང་།།

རྒྱལ་མཚན་གསེར་གྱི་ནོར་བུ།།

ཡུལ་ཕྱོགས་ས་ལ་བྱོན་བྱུང་།།

ལ་ཆེན་ལ་ཆུང་བརྒྱབ་ཅིང་།།

སྡུག་ཅིག་དཀའ་ལས་ཨེ་བྱུང་།།

ཆུ་ཆེན་ཆུ་ཆུང་གཏུབས་ཤིང་།།

སྡུག་ཅིག་དཀའ་ལས་ཨེ་བྱུང་།།


རྟ་ཞིག་འདོ་ལུ་འཁྲིད་ཏེ།།

ཡར་ཞིག་བསུ་ཡང་མ་ལྕོགས༎

ཆང་ཞིག་སྐྱེམས་པ་འཁྱེར་ཏེ།།

ཡར་ལ་བསུ་ཡང་མ་ལྕོགས༎

ཨ་ཤེས་ཁ་བཏགས་ཁྱེར་ཏེ།།

ཡར་ལ་བསུ་ཡང་མ་ལྕོགས༎

གནས་ཆེན་ཁ་བ་དཀར་པོ།།

གནས་སྐོར་རྒྱང་ཞིག་རིང་བྱུང་༎

ང་ནི་ཕྱི་སྐོར་མགྲོ་ཡིན༎

འཛོམ་འོང་བསམ་པ་མ་བྱུང་༎

ཡར་ལ་བསུ་ཡང་མ་ལྕོགས༎

འཆམ་རོགས་དགོངས་པ་མ་ཚོམ།།


བདེ་སྐྱིད་ཕུན་སུམ་ཚོགས་བྱུང་།།


སྒང་རི་སྒང་ལ་འོང་ཡིན།།

ལྷ་བསང་བཏང་སྟེ་འོང་ཡིན།།

ལྷ་བསང་དཀར་པོ་བཏང་སྟེ།།

དཀོན་མཆོག་ལྷ་ལ་འབུལ་ཡིན།།

ཡར་ལ་ལྷ་བསང་འབུལ་ཡོད།།

མར་ལ་སྦྲང་ཆར་གནང་བྱུང་།།

སྦྲང་ཆར་མར་མར་འབབ་བྱུང་།།

བདེ་སྐྱིད་ཕུན་སུམ་ཚོགས་བྱུང་།།


ཡར་འགྲོ་ཡར་འགྲོ་ཡར་འགྲོ།


ཡར་འགྲོ་ཡར་འགྲོ་ཡར་འགྲོ།

གཙང་པོའི་ཆུ་ལ་ཡར་འགྲོ།

གཙང་པོའི་ཆུ་ཡི་འགོ་ལ།།

སྟག་ལྤགས་གདན་ཞིག་རྒྱག་སྣང་།།

སྟག་ལྤགས་གདན་ཐོག་སྟེང་ལ།།

བླ་མ་བཟང་པོ་བཞུགས་སྣང་།།

ཡར་ལ་མཆོད་པ་འབུལ་ཡིན།།

མར་ལ་དངོས་འགྲུབ་གནང་བྱུང་།།


ཡར་འགྲོ་ཡར་འགྲོ་ཡར་འགྲོ།

གཙང་པོའི་ཆུ་ལ་ཡར་འགྲོ།

གཙང་པོའི་ཆུ་ཡི་སྐེད་ལ།།

གཟིག་ལྤགས་གདན་ཞིག་རྒྱག་སྣང་།།

གཟིག་ལྤགས་གདན་ཐོག་སྟེང་ལ།།

དཔོན་པོ་བཟང་པོ་བཞུགས་སྣང་།།

ཡར་ལ་མཆོད་པ་འབུལ་ཡིན།།

མར་ལ་བཀའ་ཁྲིམས་གནང་བྱུང་།།


ཡར་འགྲོ་ཡར་འགྲོ་ཡར་འགྲོ།

གཙང་པོའི་ཆུ་ལ་ཡར་འགྲོ།

གཙང་པོའི་ཆུ་ཡི་མདའ་ལ།།

ཝ་ལྤགས་གདན་ཞིག་རྒྱག་སྣང་།།

ཝ་ལྤགས་གདན་ཐོག་སྟེང་ལ།།

འཆམ་རོགས་བཟང་པོ་བཞུགས་སྣང་།།

ཡར་ལ་གླུ་དབྱངས་ལེན་ཡིན།།

མར་ལ་གསུང་སྐད་གྲག་བྱུང་།།


ཆོས་ཀྱི་བསྟན་པ་དར་བྱུང་།།


ཡར་འགྲོ་ཡར་འགྲོ་ཡར་འགྲོ།

རྒྱ་གར་ཕྱོགས་ལ་ཡར་འགྲོ།

རྒྱ་གར་གཙང་ཕྱོགས་རྡོ་རྗེ༎

འཇལ་ཁ་ཨེ་ཐུབ་བལྟ་འགྲོ།

ཆོས་ཀྱི་ཆོས་ལུགས་ཡག་དྲགས༎

ཆོས་ཀྱི་བསྟན་པ་དར་བྱུང་༎


ཡར་འགྲོ་ཡར་འགྲོ་ཡར་འགྲོ།

ལྷ་སའི་ཕྱོགས་ལ་ཡར་འགྲོ།

ལྷ་སའི་ཇོ་བོ་རང་བྱུང་༎

འཇལ་ཁ་ཨེ་ཐུབ་བལྟ་འགྲོ།

ཆོས་ཀྱི་ཆོས་ལུགས་ཡག་དྲགས༎

ཆོས་ཀྱི་བསྟན་པ་དར་བྱུང་༎


ཡར་འགྲོ་ཡར་འགྲོ་ཡར་འགྲོ།

རྒྱ་ནག་ཕྱོགས་ལ་ཡར་འགྲོ།

རྒྱ་ནག་རི་བོ་རྩེ་ལྔ༎

འཇལ་ཁ་ཨེ་ཐུབ་བལྟ་འགྲོ།

ཆོས་ཀྱི་ཆོས་ལུགས་ཡག་དྲགས༎

ཆོས་ཀྱི་བསྟན་པ་དར་བྱུང་༎


ཡར་འགྲོ་ཡར་འགྲོ་ཡར་འགྲོ།

རང་ཡུལ་ཕྱོགས་ལ་ཡར་འགྲོ།

གནས་ཆེན་ཁ་བ་དཀར་པོ༎

འཇལ་ཁ་ཨེ་ཐུབ་བལྟ་འགྲོ།

ཆོས་ཀྱི་ཆོས་ལུགས་ཡག་དྲགས༎

ཆོས་ཀྱི་བསྟན་པ་དར་བྱུང་༎