རྒྱལ་ཐང་གི་གཞས་ཚིག་ཁག་འགའ།

རྩོམ་པ་པོ།   བསོད་ནམས་ནོར་བུ།  ཡིག་བསྒྱུར།       དུས་ཚོད།   2017-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ལྷ་སར་ལྕང་མ་བཙུགས་ཡིན།།


ལྷ་སར་ལྕང་མ་མ་བཙུགས།།

ལྷ་སར་ལྕང་མ་བཙུགས་ཡིན།།

ལྕང་མ་བཙུག་ལུགས་ཡག་བྱུང་།།

ལྕང་ལོ་སྒང་དང་མཉམ་བྱུང་།།

ལྕང་རྩེ་ས་ལ་ཁྱབ་བྱུང་།།

ས་ཆ་ཡིད་བཞིན་ནོར་བུ།།

ཆོས་ཤིག་དར་ཞིང་རྒྱས་བྱུང་།།


རྫ་ཡུལ་སྨྱུག་མ་མི་བཙུགས།།

རྫ་ཡུལ་སྨྱུག་མ་བཙུགས་ཡིན།།

སྨྱུག་མ་བཙུགས་ལུགས་ཡག་བྱུང་།།

སྨྱུག་མ་སྒང་དང་མཉམ་བྱུང་།།

སྨྱུག་ལོ་ས་ལ་ཁྱབ་བྱུང་།།

ས་ཆ་ཡིད་བཞིན་ནོར་བུ།།

འབྲུ་རིགས་སྣ་ལྔ་ཡག་བྱུང་།།


ལྷ་སར་ལྕང་མ་མ་བཙུགས།།


ལྷ་སར་ལྕང་མ་མ་བཙུགས།།

ལྷ་སར་ལྕང་མ་བཙུགས་ཡིན།།

ལྷ་སར་ལྕང་མ་བཙུགས་ས།།

ས་ཆ་ཡིད་བཞིན་ནོར་བུ།།

ས་ཆ་ཡིད་བཞིན་ནོར་བུ།།

ལྕང་རྩེ་དགུང་དང་མཉམ་བྱུང་།།

ལྕང་རྩེ་དགུང་དང་མཉམ་དུས།།

ལོ་མ་ས་ལ་རྒྱན་བྱུང་།།

ལོ་མ་ས་ལ་རྒྱན་བས།།

ས་གཞི་བསོད་ནམས་ཆེ་བྱུང་།།

ས་གཞི་བསོད་ནམས་ཆེ་བས།།

ཆོས་ཀྱི་དར་ཞིང་རྒྱས་བྱུང་།།


རྒྱ་ཡུལ་ཇ་ཤིང་མ་བཙུགས།།

རྒྱ་ཡུལ་ཇ་ཤིང་བཙུགས་ཡིན༎

རྒྱ་ཡུལ་ཇ་ཤིང་བཙུགས་ས།།

ས་ཆ་ཡིད་བཞིན་ནོར་བུ།།

ས་ཆ་ཡིད་བཞིན་ནོར་བུ།།

ཇ་རྩེ་དགུང་དང་མཉམ་བྱུང་།།

ཇ་རྩེ་དགུང་དང་མཉམ་དུས།།

ལོ་མ་ས་ལ་རྒྱན་བྱུང་།།

ལོ་མ་ས་ལ་རྒྱན་བས།།

ས་གཞི་བསོད་ནམས་ཆེ་བྱུང་།།

ས་གཞི་བསོད་ནམས་ཆེ་བས།།

ཁྲིམས་ཀྱི་བསྟན་པ་དར་བྱུང་།།


སྟར་ཀ་ཤིང་གི་ལོ་མ་ཡག།


ཨ་བོ་མི་ཡག་ཨ་བོ་ཡག།

ཨ་བོ་བཟང་པོ་གཞས་མཁས་ཡག།

ཞྭ་མོ་མི་ཡག་ཞྭ་མོ་ཡག།

ཞྭ་མོ་ཚེ་རིང་དཀྱིལ་འཁོར་ཡག།

སྟོད་ཐུང་མི་ཡག་སྟོད་ཐུང་ཡག།

སྟོད་ཐུང་གོས་ཆེན་དཀར་པོ་ཡག།

ཕྱུ་པ་མི་ཡག་ཕྱུ་པ་ཡག།

ཕྱུ་པ་འགོ་སྣམ་དམར་པོ་ཡག།

སྐེ་རགས་མི་ཡག་སྐེ་རགས་ཡག།

སྐེ་རགས་རྒྱ་ཁྲ་སྐེ་རགས་ཡག།

དོར་མ་མི་ཡག་དོར་མ་ཡག།

དོར་མ་འབུ་རས་དཀར་པོ་ཡག།

ཀོ་ལྷམ་མི་ཡག་ཀོ་ལྷམ་ཡག།

ཀོ་ལྷམ་ཡུ་རིང་རྡོག་པ་ཡག།