བྱམས་ལྡན་གྱི་ཨ་མ།

རྩོམ་པ་པོ།   རྡོ་རྗེ་དབང་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2017-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 གླིང་ལྔ་ཚོ་བཞིའི་གྲུབ་པའི་གོ་ལ་ཟླུམ་པོ་འདིའི་སྟེང་འཚོ་བཞེས་གནང་བའི་མི་སུ་དང་སུ་ཞིག་ཡིན་རུང་། རང་ཉིད་ཀྱི་སེམས་ཁོངས་སུ་ཆེས་རླབས་ཆེན་གྱི་མི་ཞིག་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།  དེ་བས་ངས་དུས་འདིར་གླེང་འདོད་པ་ནི་བགྲང་བྱའི་དུས་ཚིགས་བཞི་བོར་ལག་ཞབས་སེར་ཀས་བཟུང་བའི་བྱམས་ལྡན་གྱི་ཨ་མ་ལགས་ཡིན། 

ཚོགས་དང་ཡང་ན་ལས་ཀྱི་བཀོད་སྒྲིག་ཅིག་གིས་ངའི་ཚེ་སྲོག་གི་ཆེས་ཐོག་མའི་དབྱངས་རྟ་གཉོམ་པོ་དེ། ངོ་མཚར་སྟོང་གིས་ཕྱུག་པའི་ཕ་ཡུལ་འདིར་གྲགས་བྱུང་ལ། དུས་དེ་ནས་བཟུང་ང་རང་ཁྱེད་ཉིད་ཀྱི་ལྷག་བསམ་དྲོན་མོའི་བྱམས་སྐྱོང་འོག  རིམ་བཞིན་འགྲོ་ཤེས་པ་དང་སྐད་ཆ་སྨྲ་ཤེས་པར་གྱུར། རིམ་གྱིས་ལོ་དྲུག་བདུན་སོན་མ་ཐག་ཁྱེད་ཉིད་ཀྱི་ང་རང་ཤེས་རིག་གི་དགའ་ཚལ་དུ་བསྐྱལ་ནས་རིག་གནས་ཀྱི་འོད་སྣང་ཐོག་མར་ལོངས་སུ་སྤྱད། 

 ཨ་མ་ལགས། འདས་ཟིན་པའི་ལོ་ཟླའི་ཁྲོད་ཁྱེད་ཀྱིས་རང་གི་དཔྲལ་བའི་མིག་དང་། ཡ་ཆུང་གི་སྙིང་ལྟ་བུའི་བུ་ཕྲུག་ཚོའི་སླད་དུ་མིག་ཆུ་གྲངས་མེད་བཏོན་མྱོང་ལ། ཁྱེད་ཉིད་ཀྱིས་མཐོ་སྒང་གི་ཡུལ་གྲུ་ཞིག་ནས་གནག་ཕྱུག་ཀྱི་རྐང་རྗེས་བསྙེགས་བཞིན་དགུན་གསུམ་གྱི་གྲང་རླུང་རྩུབ་མོ་དང་དབྱར་གསུམ་གྱི་ཚ་བ་སྟུག་པོ་རེའི་ཁྲོད་ནས་རང་ཉིད་ཀྱི་མེ་ཏོག་ལྟ་བུའི་ལང་ཚོ་དང་ཤ་ཁྲག་འདུས་གྲུབ་ཀྱི་ཕུང་བོ་དེའང་ཆར་ཆུ་དང་བསེར་བུའི་ཁ་ཟས་སུ་སྦྱིན་པ་ནི་ང་ཚོ་བུ་ཕྲུག་ཚོའི་དོན་དུ་མ་ཡིན་ནམ། 

 ཨ་མ་ལགས། ཁྱེད་ཀྱིས་བུ་ཕྲུག་ངའི་ཆེད་དུ་འཁོར་བའི་ཀློང་ན་ཤ་དང་རུས་པ་ཟད་ཀྱིན། རང་ཉིད་ཀྱིས་ཡོད་ཚད་བློས་བཏང་ཞིང་། བཅོས་མིན་སེམས་དང་ཞིབ་མོའི་བློ་ཡིས་ང་རང་གཉོར་སྐྱོང་འཛད།  ཨ་མ་ལགས། ཁྱེད་ནི་བུ་ཕྲུག་ངའི་སེམས་ཀྱི་ཆེས་བླ་ན་མེད་ཅིང་ཆེས་མེད་དུ་མི་རུང་བའི་མི་སྟེ། ལྟོགས་ན་ཁྱོད་ལ་ཟས་སློང་། གྲང་ན་ཁྱོད་ལ་གོས་སློང་། ཐ་ན་དངངས་སྐྲག་སྐྱེས་དུས་ཨ་མ་ཞེས་འབོད་པ་ལས་ཀྱང་ཤེས་ཐུབ། 

  ཡིན་ནའང་། ལོ་ཟླ་ལ་སྙིང་རྗེ་མེད་ཅིང་། སྐྱེ་རྒ་ན་འཆིའི་ཆོས་ཉིད་དེ་བཟློག་ཐབས་བྲལ་བས། ཁྱེད་ཀྱི་ངོ་གདོང་དེ་གཉེར་མས་གཡོགས་ཤིང་། ཚིག་དྲུག་སྨྱུག་མ་ལྟ་བུའི་སྐྱེས་གཟུགས་དེ་ད་ལྟ་གཞུ་ལྟར་བཀུགས། རྩུབ་མོའི་ལག་པ་བལྟས་བལྟས་རིག་རིག་ལ་སེར་ཁས་ཁེངས་ནའང་། ད་དུང་ངལ་གསོ་ཅུང་ཙམ་ཡང་མི་གནང་བར་ཁྱིམ་ལས་ཙག་ཙིག་གི་ལུས་ལ་བྲེལ་ཅིང་རང་ཉིད་ནི་ནམ་ཡང་སྤྲང་པོའི་ཚུལ་ཏུ་གོས་ཧྲུལ་ལ་ཚི་དྲེགས་ཆགས་ཀྱང་། ཡིག་ཕངས་པའི་སྨེ་ངག་མེད་ལ། མི་དགའ་བའི་རྣམ་འགྱུར་ནི་དེ་བས་ཀྱང་མེད། 

བཀའ་དྲིན་རི་རབ་ལས་མཐོ་བའི་བྱམས་ལྡན་གྱི་ཨ་མ་ལགས། ཁྱེད་ཀྱི་རེ་བ་ཆུད་ཟོས་སུ་གཏོང་ག་ལ་ཉན། དེའི་ཕྱིར་བུ་ཆུང་ངས་ཤེས་བྱའི་མཚོ་མོ་འཁྱིལ་བའི་སློབ་གླིང་ནས་མ་འོངས་བ་ན་ཕ་ཡུལ་འདི་ཉིད་འཛུགས་སྐྲུན་བྱེད་མཁན་དང་ཡང་ན་ཕ་ཡུལ་དང་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་མི་སྣ་ཞིག་བྱེད་པར་ཧུར་བརྩོན་བྱེད་རྒྱུ་ཡིན།