ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་2017ལོའི་ཟླ་10ཚེས་18ཉིན་པེ་ཅིང་དུ་སྐོང་འཚོག་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-09   རྩོམ་ཁུངས།    མི་དམངས་དྲ་བ།

    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲ་སྒྲིག་ལས་དོན་ཞིབ་འཇུག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
    གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2017ལོའི་ཟླ་10ཚེས་11ཉིན་པེ་ཅིང་དུ་སྐོང་འཚོག་བྱ་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་2017ལོའི་ཟླ་10ཚེས་18ཉིན་པེ་ཅིང་དུ་སྐོང་འཚོག་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་གྲོས་ཐག་བཅད་པ་རེད།
    གྲོས་ཚོགས་ནས་ནན་བཤད་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་དུ་འཕེལ་བའི་གནད་འགག་ཆེ་བའི་དུས་སྐབས་སུ་སྐོང་འཚོག་བྱ་རྒྱུའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་མཐར་ཕྱིན་བསྟར་ནས་འདས་པའི་ལོ་ལྔའི་རིང་གི་ལས་དོན་ཕྱོགས་བསྡོམས་ནན་ཏན་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བའི་ལོ་རྒྱུས་འཕེལ་རིམ་དང་རིན་ཐང་བྲལ་བའི་ཉམས་མྱོང་ལ་ཕྱི་མིག་ལྟ་བ་དང་ཕྱོགས་བསྡོམས། མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་པོ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་དགོས་འདུན་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ་དུས་རབས་གསར་པའི་དགོས་འདུན་དང་འཚམས་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འབེབས་བྱ་རྒྱུ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་མི་དམངས་སྐུལ་སློང་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་འགྲོ་བའི་བློ་གདེང་དང་། རིགས་པའི་གཞུང་ལུགས་ཀྱི་བློ་གདེང་། ལམ་ལུགས་ཀྱི་བློ་གདེང་། རིག་གནས་ཀྱི་བློ་གདེང་བཅས་བརྟན་པོར་བཙུགས་ནས་མུ་མཐུད་དེ“སྣ་ལྔ་གཞི་གཅིག”གི་སྤྱི་ཡོངས་བཀོད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་དང“ཕྱོགས་ཡོངས་བཞི”ལ་མཐུན་སྦྱོར་སྐུལ་སྤེལ་གཏོང་རྒྱུ། མུ་མཐུད་དེ་ཏང་ལེགས་སྐྱོང་གི་ལས་དོན་རླབས་པོ་ཆེ་གསར་པར་སྐུལ་སྤེལ་གཏོང་རྒྱུ་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་པ་དང་འབད་བརྩོན་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་གཏོད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་རེད།
    ཚོགས་ཆེན་གྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གསར་པ་འདེམས་བསྐོ་བྱས་ནས་ཐོན་རྒྱུ་རེད།
    གྲོས་ཚོགས་ནས་མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གི་ལས་རིམ་བདེ་བླག་ངང་སྒྲུབ་བཞིན་ཡོད་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་མུ་མཐུད་ནས་ལེགས་འགྲུབ་ཏན་ཏིག་བྱས་ཏེ་ཚོགས་ཆེན་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན་པ་རེད།
     གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།