གཙང་གསུམ་མཉམ་བཞུར་གྱི་སྤུས་རྟགས།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-09-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    གཙང་གསུམ་མཉམ་བཞུར་ནི་འབྲི་ཆུ་དང་རྫ་ཆུ།  རྒྱལ་མོ་རྔུལ་ཆུ་བཅས་མཚོ་བོད་མཐོ་སྒང་ནས་བཞུར་རྒྱུན་བྱུང་བའི་གཙང་བོ་ཆེན་པོ་དེ་ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་ནང་བྱང་ནས་ལྷོ་ལ་བཞུར་བའི་བཞུར་རྒྱུན་སྟོང་སྨི170ཡོད་པ་དེ་ལ་གོ་ཞིང་།       འཛམ་གླིང་ཐོག་མཐོང་དཀོན་པའི་གཙང་བོ་མཉམ་དུ་བཞུར་ཡང་ཕན་ཚུན་མི་བསྣོལ་བའི་ཁྱད་མཚར་བའི་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་ཀྱི་རྣམ་པ་དེ་ལ་ཟེར།  


    གཙང་གསུམ་མཉམ་བཞུར་གྱི་རང་བྱུང་ཡུལ་ལྗོངས་དེའི་ནང་དུ་ཡུན་ནན་ཞིང་ཆེན་གྱི་ལིས་ཅང་གྲོང་ཁྱེར་དང་།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།  ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་བཅས་རང་བྱུང་སྲུང་སྐྱོང་ཁུལ9དང་།   ཡུལ་སྐོར་ལྗོངས་རྒྱུ་གྲགས་ཅན10འདུས་ཡོད་པ་རེད།   མངའ་ཁོངས་དེ་ནི་སྒེར་ཚུགས་ཀྱི་ས་ཁུལ་བརྒྱད་ཀྱིས་གྲུབ་ཡོད།  དེའི་ཁྲོད་དུ་པདྨ་གངས་རི་ནས་ཁ་བ་དཀར་པོའི་གངས་རིའི་བར་ཁུལ་དང་།   ཡུན་ལེན་བར་ཁུལ།   ཧོང་ཧྲན་བར་ཁུལ།   ཧ་པ་གངས་རིའི་བར་ཁུལ།   ཆན་ཧུའུ་བར་ཁུལ།   ལོ་ཅུན་ཧྲན་བར་ཁུལ་སོགས་ནི་བདེ་ཆེན་གྱི་མངའ་ཁོངས་ནང་དུ་གནས་ཡོད་ལ།   བདེ་ཆེན་ནི་གཙང་གསུམ་མཉམ་བཞུར་འཛམ་གླིང་ཤུལ་བཞག་གི་ལྟེ་བ་ཡིན།   

ས་ཁུལ་འདིས་རང་རྒྱལ་ས་ཁོངས་རྒྱ་ཁྱོན་གྱི0.4%ཙམ་ལས་ཟིན་མེད་མོད།  ཡིན་ན་ཡང་རྒྱལ་ཡོངས20%ཡན་གྱི་མཐོ་རིམ་སྐྱེ་དངོས་དང་རྒྱལ་ཡོངས25%ཡན་གྱི་སྲོག་ཆགས་ཀྱི་ཁ་གྲངས་བཟུང་ཡོད་པ་རེད།    མིག་སྔར་ཁྱབ་ཁོངས་འདིའི་ནང་དུ་ཡུན་ནན་གྱི་སྤྲེའུ་སྤུ་སེར་དང་།  གཙོད།     གངས་གཟིག   བྷང་ག་ལའི་སྟག   ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེ་ཞིང་མཐོང་དཀོན་པའི་རི་དྭགས་འཚོ་གནས་བྱེད་ཀྱི་ཡོད་པ་མ་ཟད།   རྒྱལ་ཁབ་རིམ་པའི་རྩི་ཤིང་རིགས34ཡང་སྐྱེས་ཡོད།


    ད་དུང་མངའ་ཁོངས་འདིའི་ནང་དུ་བོད་རིགས་དང་ལི་སུའུ་རིགས།  འཇང་རིགས།  པའེ་རིགས།   དབྱི་རིགས།  ཕུའུ་སྨི་རིགས་སོགས་མི་རིགས26འདུས་སྡོད་བྱས་ཡོད།འཛམ་གླིང་ཐོག་མཐོང་དཀོན་པའི་མི་རིགས་མང་བ་དང་།     སྐད་རིགས་མང་བ།     ཆོས་ལུགས་སྣ་མང་ཡིན་པ།ཡུལ་སྲོལ་གོམས་གཤིས་སྣ་མང་མཉམ་གནས་ཀྱི་ཡུལ་གྲུ་ཞིག་ཀྱང་ཡིན།དུས་ཡུན་རིང་བོར་གཙང་གསུམ་མཉམ་བཞུར་གྱི་མངའ་ཁོངས་འདི་ནི་ཚན་རིག་པ་དང་།ཡུལ་སྐོར་བ་ཡིད་སྨོན་བཅང་སའི་གནས་མཆོག་ཅིག་ཡིན་པ་དང་།   ཡུལ་འདིའི་ཁྱད་མཚར་བའི་རིག་གནས་སྣ་མང་ལ་ཚད་མཐོ་བའི་གདེང་འཇོག་གནང་ཡོད་པ་རེད།   


    1985ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གཞུང་རྩ་འཛུགས་ཀྱི་མི་སྣ་ཞིག་གིས་སྲུང་སྐར་གྱི་འདྲ་པར་ཕྱག་འགོད་བྱེད་དུས་འཛམ་གླིང་ན་ངོ་མཚར་བའི་སྣང་ཚུལ་འདི་ཤེས་རྟོགས་བྱུང་ཞིང་།   རྐྱེན་དེ་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་བ་རེད།   1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་ལྟར།  གཙང་གསུམ་མཉམ་བཞུར་དེ་རྒྱལ་ཁབ་ཀྱི་འབོར་ཐེངས་གཉིས་པའི་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་དུ་ངོས་འཛིན་བྱས་པ་རེད།

    2003ལོའི་ཟླ7པའི་ཚེས2ཉིན།   མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གཞུང་རྩ་འཛུགས་ཀྱི་སྐབས27པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྟེང་།   ཡུན་ནན་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་གཙང་གསུམ་མཉམ་བཞུར་རང་བྱུང་ཡུལ་ལྗོངས་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གཞུང་རྩ་འཛུགས་ཀྱི་མིང་ཐོ་ནང་དངོས་སུ་འགོད་པའི་གཅིག་མཐུན་གྱི་ཐག་གཅོད་གནང་བ་རེད།