དཀར་མཛེས་ཁུལ་གྱི་རིག་དངོས་ཀྱི་མཛོད་ཆེན།དངོས་མང་བཤམས་སྟོན་ཁང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-27   རྩོམ་ཁུངས།    ཁམས་པའི་བོད་ཡིག་དྲ་བ།

    སྔོན་འགྲོའི་གཏམ།

    དེ་ཡང་དངོས་མང་བཤམས་སྟོན་ཁང་ཞེས་པ་ནི་རང་བྱུང་དང་མིའི་རིགས་ཀྱི་རིག་གནས་ཤུལ་རྫས་ཀྱི་མཚོན་ཚབ་ཏུ་གྱུར་པའི་དངོས་རྫས་སྡུད་ལེན་དང་ཉར་ཚགས།བཤམས་སྟོན།ཞིབ་འཇུག་བཅས་བྱ་ཡུལ་ལ་ཟེར་བར་མ་ཟད།ཚན་རིག་དང་ལོ་རྒྱུས།སྒྱུ་རྩལ་བཅས་ཀྱི་རིན་ཐང་ཡོད་པའི་དངོས་རྫས་དེ་དག་ལ་རིགས་བགོས་ཏེ་མང་ཚོགས་ལ་ཤེས་བྱ་དང་སློབ་གསོ།ལྟ་མྱོང་བཅས་མཁོ་སྤྲོད་བྱས་པའི་རིག་གནས་སློབ་གསོའི་ལས་ཁུངས་དང་འཛུགས་སྐྲུན་དངོས་པོ།ས་གནས།སྤྱི་ཚོགས་ཀྱི་སྤྱི་པའི་ལས་ཁུངས་བཅས་ལ་ཟེར་བ་རེད།དངོས་མང་བཤམས་སྟོན་ཁང་ནི་ནམ་ཡང་ཁེ་ཕན་མི་གཉེར་བའི་ལས་ཁུངས་ཤིག་ཡིན་ལ།མང་ཚོགས་ལ་ཁ་ཕྱོགས་ཤིང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།དམིགས་ཡུལ་ནི་སློབ་སྦྱོང་དང་སློབ་གསོ། རོལ་རྩེད་བཅས་ཀྱི་ཆེད་དུ་ཡིན་པ་རེད།

    ཀྲུང་གོའི་དངོས་མང་བཤམས་སྟོན་ཁང་ལ་དབྱེ་ན་ལོ་རྒྱུས་དང་སྒྱུ་རྩལ།ཚན་རྩལ།ཕྱོགས་འདུས་བཅས་རིགས་བཞི་ཡོད།དེ་ལ་སྡུད་ལེན་དང་ཉར་ཚགས།ཉམས་གསོ།ཞིབ་འཇུག  འགྲེམས་སྟོན།སློབ་གསོ།རོལ་རྩེད་བཅས་ཕྱོགས་བདུན་གྱི་བྱེད་ནུས་ཡོད་ཅིང་མིའི་རིགས་ཀྱི་རྒྱུ་ནོར་དང་རིག་གནས་གཅིག་ཏུ་བསྡུས་པའི་གཡང་ཁང་ཆེན་པོ་ཞིག་ཡིན་ནོ།།

    དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་ནི་དཀར་མཛེས་ཁུལ་གྱི་རིག་གནས་ལོ་རྒྱུས་དང་།མི་རིག་ས་གཤིས།ཡུལ་སྲོལ་གོམས་གཤིས་བཅས་དྲིལ་བསྒྲགས་དང་ཕྱིར་མངོན་བྱེད་སའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པས་ངེད་བོད་ཡིག་འཕྲིན་སྦྱོར་ལྟེ་གནས་ནས་མཐོང་ཐོས་མྱོང་གསུམ་བརྒྱུད་དེ་དེའི་སྐོར་གྱི་ཆེད་བསྒྲིགས་ལེ་ཚན་མུ་འགོད་བྱ་རྒྱུ་ཡིན་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དོ་ཁུར་གནང་རོགས་ཞུ།




མཛེས་པའི་གོས་རྒྱན།

    བོད་ཀྱི་སྲོལ་རྒྱུན་གྱི་ལྟ་བ་ལྟར་ན་སྡོད་ཁང་དང་གོས་རྒྱན་ནི་ཐོབ་ཐང་ཞིག་དང་གོ་གནས་ཤིག་ལ་ངོས་འཛིན་བཞིན་ཡོད་པ་རེད།དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་གོས་རྒྱན་གྱི་ཚོན་མདངས་གསལ་ཞིང་རྒྱན་རིས་ལ་གནའ་ཉམས་དོད་པ་དང་།རྒྱུ་སྤུས་བཟང་ཞིང་རིག་གནས་ཀྱི་ཤན་ཆེན་པོ་ཞུགས་ཡོད།ཚོན་མདངས་ནི་ཁམས་པའི་བོད་ཆས་མཛེས་བྱེད་ཀྱི་བླ་སྲོག་ལྟ་བུ་ཡིན་ཞིང་ཚོན་མདངས་སྦྱོར་ལུགས་ཐད་སྤྱི་དང་བྱེ་བྲག་བར་འབྲེལ་ཆགས་ཤིང་མིག་སྣང་མཛེས་པ་དང་།ཁ་དོག་དཀར་སེར་དམར་ལྗང་སྔོ་ནག་སྤྱད་མང་ཞིང་ཆོས་ལུགས་ཀྱི་མཚོན་དོན་འདྲེས་ཡོད།ཁམས་པའི་ས་ཁུལ་དུ་དར་པའི་གོས་རྒྱན་དང་འབྲེལ་བའི་དམངས་གླུའི་ཐོག་ནས་ཁམས་པའི་གོས་རྒྱན་གྱི་མཛེས་ཉམས་རྟོགས་ཐུབ།དཀར་མཛེས་ཁུལ་གྱི་གོས་རྒྱན་གྱི་རིགས་ལ་དབྱེ་ན་དཀར་མཛེས་ཁུལ་ཤར་རྒྱུད་དང་ལྷོ་རྒྱུད།ནུབ་རྒྱུད།འབྲོག་པའི་གོས་རྒྱན་བཅས་ཡོད་ཅིང་།དེ་མིན་མཚོན་དོན་ཟབ་མོར་ལྡན་པའི་ཆོས་ལུགས་ཀྱི་གོས་རྒྱན་ཡང་ཡོད་དོ།།





རྒྱན་ཆ།

    མཚོ་བོད་མཐོ་སྒང་དུ་འཚོ་བ་རོལ་བའི་བོད་མི་རིགས་ནི་རང་བྱུང་གི་ས་བབས་མཐོ་བའི་ཡུལ་ཁམས་སུ་གཞིས་ཆགས་ཤིང་འཚོ་བ་རོལ་བཞིན་ཡོད་པས་ཁོ་ཚོར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། རང་ཉིད་ལ་མཛེས་ཆོས་སྤྲས་པ་དང་རང་ཉིད་རྒྱན་ཆས་བརྒྱན་བཞིན་ཡོད་པ་རེད། དུས་ཆེན་སོགས་གལ་ཆེ་བའི་བྱེད་སྒོའི་སྐབས་སྐྱེས་ཕོ་མོ་སུ་ཡིན་རུང་རང་ཉིད་ལ་ཆ་རྐྱེན་ཅི་ཡོད་ཀྱིས་རྒྱན་ཆ་བཏགས་པ་རེད། དེ་ནི་རྒྱན་ཆའི་རིག་གནས་སམ་རྒྱན་ཆའི་དུས་སྟོན་ལྟ་བུ་ཞིག་གྱུར་ཡོད་པ་རེད།ཁམས་ཀྱི་རྒྱན་ཆའི་རིགས་ལ་རྣམ་པ་མང་ཞིང་འཐུས་སྒོ་ཚང་བ་དང་། གཙོ་བོ་ནི་མགོ་རྒྱན་དང་། རྣ་ལུང་། སྐེ་རྒྱན། བྲང་རྒྱན། ལག་གདུབ། སྐེ་ཆིངས་སོགས་ཡིན་པ་རེད། དཀར་མཛེས་ཁུལ་གྱི་ཞིང་འབྲོག་གི་ཕོ་སར་ཚོས་སྐྲ་སླས་པའི་གོམས་སྲོལ་ཡོད་པ་དང་། སྐྲ་ལ་སྟོང་སྐུད་དམར་པོ་དང་སྟོང་སྐུད་ནག་པོས་སྐྲ་རྒྱན་བྱས་ཤིང་དེ་ལ་ཅ་ལ་ཞེས་ཟེར། རྒྱན་ཆའི་རིགས་ཀྱི་རྒྱུ་ལ་གཡུ་སྔོན་པོ་དང་།འབྲོག་མོ་ཚོའི་མགོ་ལ་སྤོས་ཤེལ་དང་།  བྲང་ལ་གའུ་ཆུང་བའི་རིགས། སྐེ་རྒྱན་སོགས་ཡིན་ལ།ཕོའི་རིགས་ལ་གའུ་འབར་ཡ་དང་། བུ་མོ་དག་ལ་གསེར་དངུལ་གྱི་སྐེ་རྒྱན་དང་རྣ་ལུང་། ཕོ་སར་ཚོ་ལ་རྣ་ལུང་ཡ་གཅིག  བུ་མོ་ཚོ་ལ་ལག་གདུབ་དང་། ལག་གདུབ་ལས་གསེར་དངུལ་གྱི་ལག་གདུབ་དང་ད་དུང་བ་སོ་སོགས་ཀྱི་ལག་གདུབ་དང་། གསེར་དངུལ་གྱི་མཛུབ་དཀྲིས་སོགས་འདོགས་པའི་སྲོལ་ཡོད་པ་ཡིན།  ཆབ་མ། གློ་ཆ། མེ་ཆ་དང་། གློ་གཟུང་། གཟར་གྲི། ཕོའི་རིགས་ལ་སྐེ་གྲི་རིང་པོ་དང་། བུ་མོའི་རིགས་ལ་ཁབ་ཤུབ་དང་། ཚྭ་ཁུག   དངུལ་ཐག་སོགས་འདོགས་ཆའི་རིགས་ཡོད།




    དཀར་མཛེས་མཐོ་སྒང་དུ་འཚོ་བ་རོལ་བའི་བོད་མི་རིགས་ནི་གཞུང་དྲང་བབ་ཆགས་ཀྱི་མི་རིགས་ཤིག་ཡིན་ལ། གུས་ལུགས་མཛད་སྒོ་ལ་མཐོང་ཆེན་བྱེད་པའི་མི་རིགས་ཤིག་ཡིན།  གོམས་སྲོལ་འདི་དག་གིས་མི་རིགས་འདི་ཉིད་ནི་དད་པ་ཡོད་པའི་མི་རིགས་ཤིག་ཡིན་པ་མཚོན་ལ།  བོད་ཀྱི་རིག་གནས་ཀྱི་གཙོ་བོའི་གྲུབ་ཆ་ཞིག་ཀྱང་ཡིན་པ་རེད།  གུས་ལུགས་མཛད་སྒོ་ནི་ཆེད་དུ་སྐྱེ་བ་སྔ་ཕྱིའི་སྐོར་གྱི་ཤེས་བྱ་ཞིག་ཡིན་ལ།སྐྱེས་ནས་ནར་སོན་པའི་དུས་རྒྱུན་འཚོ་བའི་ཁྲོད་ནས་གུས་སྲོལ་མཛད་སྒོ་སྣ་མང་ཡོད་དེ།སྐྱེས་སྟོན་དང་།ཁྲུས་སྟོན།ལམ་ལ་འབུད་པའི་མཛད་སྒོ་ལུགས་སྲོལ།མིང་འདོགས་པའི་མཛད་སྒོ་སོགས་སོ།། 

    ༼ ཐུབ་བསྟན་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན་བཅས་ཀྱིས། ༽