དེ་སྔའི་བདེ་ཆེན་གྱི་ཁུལ་དཔོན་ལི་ཡུས་ཧྥང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-09-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    1933ལོར་ལི་ཡུས་ཧྥང་ནི་འཇོལ་རྫོང་ཧྲིང་ཕིང་གྲོང་རྡལ་དུ་སྐྱེས་པ།1980ལོའི་ཟླ་11པའི་ཚེས་8ཉིན་ནས་ཚེས་12ཉིན་བར།ལི་ཡུས་ཧྥང་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་དུ་ཞུགས་པ་དང་།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་དྲུང་ཡིག་ཆེན་མོའི་འགན་འཁུར་བ།

    1983ལོའི་ཟླ་11པའི་ཚེས་8ཉིན།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དྲུག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག ལི་ཡུས་ཧྥང་ནི་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དུ་བདམས་ཐོན་བྱུང་ཞིང་།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་ཐོག་གི་བུད་མེད་ཁུལ་དཔོན་དང་པོར་གྱུར་བ་དང་།སྐབས་དེའི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ནང་གི་བུད་མེད་ཁུལ་དཔོན་གཅིག་པུ་ཞིག་ཡིན་པ་རེད།

    ཁུལ་དཔོན་གྱི་འགན་འཁུར་སྐབས།ལི་ཡུས་ཧྥང་གིས་སྲིད་ཇུས་ཀྱི་སློབ་སྦྱོང་ལ་དོ་ཁུར་གནང་བ་དང་ཧུར་ཐག་གིས་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚོ་ཆུང་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བརྟེན་ནས།བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་གཏོད་བྱས་པ་རེད།


 

1986ལོའི་ཟླ་10པར།རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་མཚན་གྱིས་བདེ་ཆེན་དུ་ལྟ་ཞིབ་འཚམས་འདྲི་གནང་སྐབས།ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་སྙན་སེང་ཞུས་པ།

 

    བདེ་ཆེན་གྱི་ཁོར་ཡུག་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ནང་ཁུལ་ལས་ཞན་པས།ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཆེད།བདེ་ཆེན་གྱིས་རང་ས་གནས་ཀྱི་དོན་དངོས་དང་བསྟུན་ནས།ནན་ཏན་གྱིས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱས་ནས།ཧུར་ཐག་གིས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་བཏང་བ།1986ལོར།ཁུལ་ཡོངས་ཞིང་ལས་ཀྱི་སྤྱིའི་ཐོན་སྐྱེད་རིང་ཐང་སྒོར་ཁྲི་8531ཟིན་པ་དང་།འབྲུ་རིགས་ཀྱི་ཐོན་སྐྱེད་བསྡོམས་གྲངས་སྤྱི་རྒྱ་ཁྲི་9900ཟིན་པ།ཕྱུགས་ལས་ཀྱི་ཐོན་གྲངས་ཁུལ་ཡོངས་ཀྱི་ཞིང་ལས་ཀྱི་སྤྱིའི་ཐོན་སྐྱེད་རིང་ཐང་གི་35.9%ཟིན་པ།ཤང་གྲོང་ཁེ་ལས་ཀྱི་ཐོན་སྐྱེད་རིང་ཐང་སྒོར་ཁྲི་1738ཟིན་པ་རེད།

    ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་1980ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་1984ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།1984ལོའི་ཟླ་12པའི་ཚེས་8ཉིན།ཞིང་ཨུས་བདེ་ཆེན་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས་གཤམ་སྤེལ་བྱས་ནས།གཞི་རྩར་བདེ་ཆེན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་མཛུབ་ཁྲིད་བྱེད་ཕྱོགས་དང་ཕྲེང་བསྟར་སྲིད་ཇུས་ལྟར་ནས་ལག་བསྟར་བྱེད་པའི་གྲོས་མཐུན་གསལ་སྟོན་བྱེད་པ་རེད།


དེ་སྔའི་བདེ་ཆེན་གྱི་ཁུལ་དཔོན་ལི་ཡུས་ཧྥང་།

    ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མངོན་གསལ་བསྟན་དོན།ལས་ཀ་མཐའ་དག་གི་འགོ་ཚུགས་ས་དང་དོན་ལ་བབས་ས་ནི་དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་འགོ་བརྩམས་དགོས་པ་དང་།ནུས་ཤུགས་ཡོད་དགུ་བཏོན་ནས་མགྱོགས་མྱུར་གྱིས་དེང་རབས་ཅན་བཞི་མངོན་འགྱུར་བྱུང་ནས།བདེ་ཆེན་གྱི་མི་དམངས་མགྱོགས་མྱུར་གྱིས་ཕྱུག་འགྱུར་དུ་གཏོང་དགོས།

1972ལོར་ཞིང་ཆེན་ཁོངས་གཏོགས་གལ་ཆེའི་ནགས་བཟོའི་ཁེ་ལས་རྒྱལ་ཐང་ནགས་ལས་ཅུས་བཙུགས་པ་དང་།དེ་རྗེས་ཁུལ་ཤིང་ཆའི་ཀུང་སི་དང་རྒྱལ་ཐང་རྫོང་ཤིང་ཆའི་ཀུང་སི་སོགས་བཙུགས་པ་རེད།བདེ་ཆེན་གྱིས་ལོ་རེར་ཤིང་ཆའི་ཁྲལ་བསྡུ་སྒོར་ཁྲི6200ཡིས་ཁུལ་ཡོངས་ནོར་སྲིད་ཡོང་འབབ་ཀྱི་80%ཟིན་མོད།འོན་ཀྱང་ནགས་ཚལ་གཞི་རྒྱ་ཆེན་པོའི་སྒོ་ནས་གཏོར་བརླག་བཏང་བ་དང་།རང་བྱུང་སྐྱེ་ཁམས་ལ་གཏོར་བཤིག་ཆེན་པོ་བཏང་ཡོད།དུས་རབས་སྔོན་པའི་ལོ་རབས་80པའི་སྐབས་སུ།ས་གཤིས་གནོད་སྐྱོན་རྒྱུན་ཆད་མེད་པར་བྱུང་བ་དང་།ཆུ་ལོག་གང་སར་རྒྱུག་པས།མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར།བདེ་འཇགས་ཐད་ལ་འཇིགས་སྐུལ་ཆེན་པོ་བྱུང་བ་རེད།


1978ལོའི་ཟླ་9པར།རྒྱལ་ཡོངས་ཀྱི་ཐེངས་བཞི་པའི་བུད་མེད་འཐུས་མིའི་ཚོགས་ཆེན་དུ་ཞུགས་སྐབས་རང་ཁུལ་གྱི་ཞིང་པའི་འཐུས་མི་རྒྱ་མཚོ་སྒྲོལ་མ་དང་གནམ་བདེ་སྒོ་མོའི་མདུན་ཕྱོགས་ལ་འདྲ་པར་མཉམ་ལེན་བྱས།

    1984ལོར་རྒྱལ་ཁབ་ཀྱིས་《ཤིང་ནགས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་བྱས་པ་རེད།ལི་ཡུས་ཧྥང་གིས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ནས་《ཤིང་ནགས་སྐོར་གྱི་བཅའ་ཁྲིམས》སློབ་སྦྱོང་མཐར་ཕྱིན་བྱས།1984ལོའི་ཡུན་ནན་བོད་ཁུལ་གྱི་བདེ་ཆེན་ལས་ཀའི་སྙན་ཞུ་ཐོག ལི་ཡུས་ཧྥང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ལ་ནགས་ལས་ཐད་ཀྱི་གནད་དོན་སྙན་ཞུ་བྱས་པ་བརྒྱུད།ཧ་ཅང་ཕན་ནུས་ཡོད་པའི་སྲིད་ཇུས་འགས་བརྩོན་ལེན་བྱུང་ཡོད་དེ།གཅིག་ནི་བདེ་ཆེན་ཁུལ་ནང་དུ་ནགས་ར་རྒྱས་སྐྲུན་མི་བྱེད་པ།གཉིས་ནི་ཁུལ་ནང་ཁུལ་གྱི་ནགས་བཟོའི་ཁེ་ལས་ཀྱིས་ཤིང་ཆ་གཅོད་སྐབས་ངེས་པར་དུ་《ཤིང་ནགས་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་བསྟར་བྱེད་དགོས་པ།གསུམ་ནི་བདེ་ཆེན་གྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་བགོ་བཤའ་ལས་ཕྱིར་འཐེན་བྱས་ཏེ།ཚོང་ཟོག་ཤིང་ཆའི་གཅིག་གྱུར་གྱི་བགོ་བཤའ་དམིགས་ཚད་ཀྱི་ཕྱེད་ཀ་བཅག་ནས་ལོ་རེར་སྨི་གྲུ་བཞི་ལྷམ་པ་ཁྲི20ནང་ཚོད་འཛིན་བྱས་པ་རེད།

    རང་བྱུང་ནགས་ཚལ་ཉུང་གཅོད་བྱས་རྗེས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆུ་གློག་ཐོན་ལས་ཐད་ཀྱི་བསམ་ཕྱོགས་འདོན་པ་རེད།1985ལོར་ཁྲུང་ཅང་ཧོ་གློག་ཚིགས་སྐྲུན་པ་དང་།1998ལོའི་ཟླ8པའི་ཚེས26ཉིན།རྒྱལ་ཁབ་ཀྱིས་ཤིང་ཆ་གཅོད་བྲེག་གཏན་འགོག་བྱ་རྒྱུའི་བཀའ་རྒྱ་གནང་བ་དང་།བདེ་ཆེན་ཁུལ་གྱིས་ཟླ8པའི་ཚེས30ཉིན་བརྡ་ཐོ་བཏང་བ་དང་།ཟླ9པའི་ཚེས1ཉིན་ནས་བཟུང་ཁུལ་ཡོངས་ནས་ཤིང་ཆ་གཅོད་བྲེག་གཏན་འགོག་བྱས་པ་རེད།


1986ལོའི་ཟླ་11པར།བདེ་ཆེན་ཁུལ་སྐབས་བདུན་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ།

    1985ལོའི་ལོ་འགོར།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྟོགས་ཞིབ་ཚོགས་ཆུང་ཐེངས་གཉིས་རྩ་འཛུགས་བྱས་ནས་ཉེ་འགྲམ་གྱི་ཆབ་མདོ་ས་ཁུལ་གྱི་སྨར་ཁམས་རྫོང་དང་།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་ཏེ།ལས་བྱེད་པའི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་ཐད་ཀྱི་གནད་དོན་ལ་རྒྱུས་ལོན་བྱས་ནས།གླ་ཕོགས་དང་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་གཏན་འབེབས་བྱས་ཤིང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུས་པ་དང་ཆོག་མཆན་བཀོད་རྗེས།བདེ་ཆེན་ལས་བྱེད་པའི་གླ་ཕོགས་དེ་1984ལོའི་ཟླ8པ་ནས་འཕར་སྣོན་བྱུང་བ་མ་ཟད།25%་གསབ་སྤྲོད་བྱས་པས།འཚོ་བའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་།

    1986ལོའི་ཟླ9པའི་ཚེས10ཉིན་ནས་ཚེས17ཉིན་བར།ལི་ཡུས་ཧྥང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ནས།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་བདེ་ཆེན་དུ་བརྟག་ཞིབ་དང་ཆོས་ཕྱོགས་བྱེད་སྒོ་སྤེལ་བར་རྩ་འཛུགས་སྣེ་ལེན་བྱས་པ་རེད།


1995ལོའི་བོད་ལོ་གསར་སྐབས་མང་ཚོགས་དང་མཉམ་དུ་ལོ་གསར་གཏོང་བ།

    ལི་ཡུས་ཧྥང་གིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་སླར་ཡང་བདེ་འཇགས་བོད་ཁུལ་དང་བརྟན་རླིང་བོད་ཁུལ།ཕྱུག་འགྱུར་བོད་ཁུལ་གྱི་སྲིད་ཇུས་དང་བྱེད་ཐབས་བཏོན་པ་རེད།ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ན། བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཆེས་བཟང་བའི་བོད་རིགས་རང་སྐྱོང་ཁུལ་དུ་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པར་ཉེ་བའི་སྐབས་འདིར་ཕ་ཡུལ་ཉིན་བཞིན་སྟོབས་ལྡན་དུ་འགྱུར་བ་དང་།བདེ་ཆེན་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ།མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།