བཀྲ་ཤིས་ཞིང་ཐང་གྲུ་བཞི་ནས། ལོ་ཕྱུགས་ལེགས་པའི་སྨོན་ཚིག་གྲགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-18   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཚན་རིག་དང་མཐུན་པའི་འདེབས་འཛུགས་ལ་བརྟེན་ནས་ཆུ་ཤུར་རྫོང་གི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱས་པ།


    ཉེ་ཆར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ཙི་གཉིས་སྨད་གྲོང་ཚོའི་ཞིང་ནང་དུ་ལྷག་པར་འཁྲུག་ཅིང་།ཕོ་མོ་རྒན་གཞོན་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ“འོང་སྐོར”དགའ་སྤྲོའི་ངང་བཏང་སྟེ།ཚང་མས་མཉམ་དུ་འོང་ཁ་སྐོར་བ་དང་།ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བ།གླིང་ཁ་གཏོང་བ་སོགས་བྱས་པས་རྣམ་ཀུན་ཁ་ཁུ་སིམ་པའི་རི་གྲོང་དེ་ཧ་ཅང་འཁྲུག་ཆ་དོད་པར་གྱུར།འདི་ནི་གྲོང་མི་ཚོས་སྒོར་གཞས་འཁྲབ་ནས“འོང་སྐོར”དགའ་གཏོང་བྱེད་བཞིན་པ།

    དབྱར་ཟླ་དྲུག་པའི་ཆུ་ཤུར་རྫོང་གི་ཞིང་ཁར་ནས་ཀྱི་སྙེ་རྡོག་འབྲས་བུའི་ཁུར་གྱིས་མགོ་བོ་དུད་དེ་བསིལ་རླུང་ལྡང་བ་དང་སྦྲགས།སྙེ་མའི་རྦ་རླབས་འཕྱོ་ཞིང་།གང་སར་ནས་ཀྱི་དྲི་ཞིམ་འཐུལ་བཞིན་འདུགནས་ཞིང་རྔ་བསྡུ་རན་པའི་མཚམས་སུ་ཆུ་ཤུར་རྫོང་དུ་ལོ་གཅིག་དུས་གཅིག་གི་འོང་སྐོར་གཅིག་རྗེས་གཉིས་མཐུད་ངང་གཏོང་འགོ་ཚུགས།འོང་སྐོར་ཉིན་མོར་ཞིང་འབྲོག་པ་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་འོང་ཁ་སྐོར་བ་དང་གླུ་ལེན་གར་འཁྲབ་ཀྱིས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུ་ཡི་ཡོད།

    “འདི་ལོ་ཆར་ཆུ་འབེལ་བས་ནས་ཞིང་སྐྱེ་འཚར་ཡག་པོ་བྱུང་འདུག ལོ་ལེགས་ཡོང་ངེས་རེད”ཅེས་ཞིང་ཁར་ལས་ཀ་བྱེད་བཞིན་པའི་གྲོང་མི་ཚེ་རིང་གིས་བཤད།ཆུ་ཤུར་རྫོང་གི་ཞིང་ཁར་མང་ཚོགས་ཚོས་གློག་སྒུལ་འཁོར་གསུམ་བཏང་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་ལ་ལས་བཙས་མ་རྔ་བ་དང་།ལ་ལས་ཚར་མ་འཕྲུལ་ཆས་ནང་བླུག་བཞིན་པའི་སྣང་ཚུལ་ནི་ཇི་འདྲའི་བྲེལ་བརྩོན་ཆེ་བ་ཞིག་རེད་ཨང་།

    ནས་ཞིང་མར་གད་ཞུན་མ་དང་འདྲ་ཞིང་།སྙེ་རྡོག་གི་མགོ་བོ་དུད་སྐབས།ཆུ་ཤུར་རྫོང་གི་ཞིང་པ་རྣམས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་འོང་སྐོར་གཏོང་བར་བྲེལ་གྱི་ཡོད།“འོང་སྐོར་བཏང་བས་ཞིང་འབྲོག་པའི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་བ་དང་།སྲོལ་རྒྱུན་གྱི་རེ་སྨོན་ཞུ་སྟངས་དང་གོམས་སྲོལ་རྒྱུན་འཛིན་ཐུབ་པ་མ་ཟད།ལོ་གཅིག་འཁོར་མོར་ངལ་བ་དུ་མ་སྤྱད་པའི་མི་རྣམས་ལ་བག་ཕེབས་དང་རོལ་རྩེད་ལ་འཇུག་པའི་ཁོམ་པ་ཞིག་ཀྱང་སྦྱིན་ཀྱིན་ཡོད”ཅེས་ཆུ་ཤུར་རྫོང་ཞིང་འབྲོག་ཅུས་ཀྱི་འགན་ཁུར་བ་བཀྲ་ཤིས་གཡང་འཛོམས་ཀྱིས་ངོ་སྤྲོད་བྱས་ཤིང་།ཁོང་གིས་འོང་སྐོར་ལ་ད་བར་ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་།ལོ་རེའི་བོད་ཟླ་ལྔ་པ་ནས་བདུན་པའི་བར་གཏོང་བ་ནི་ཡུལ་ལུང་སོ་སོའི་ལོ་ཏོག་སྨིན་སྔ་ཕྱིར་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད།

    ལོ་ལེགས་ཀྱི་དུས་ཚིགས་སུ་ཆུ་ཤུར་རྫོང་གི་གྲོང་ཚོ་ཁག་ནས་མཐོང་བའི་སྣང་ཚུལ་འདི་ལྟ་སྟེ།དྲི་བཟང་བསང་གི་དུ་སྤྲིན་འཁྲིགས་པ་དང་ཞིང་འབྲོག་པའི་སྙན་ཞིང་འཇེབས་པའི་གླུ་དབྱངས་ཁྲོད།རྔམ་རྔམ་བརྗིད་བརྗིད་ཀྱི་འོང་ཁ་སྐོར་འགོ་ཚུགས།ལྷ་སྐུ་དང་རྒྱལ་མཚན་ཐོགས་པའི་སོ་ནམ་པ་རྒན་པོའི་སྣེ་ཁྲིད་འོག་བྱིན་གྱིས་རླབས་པའི་དཔེ་ཆ་ཁུར་ནས་དལ་བུར་རྣང་མ་བརྒྱུད་གཞས་ཆེན་གཏོང་བ་དང་ལོ་ངོ་སྟོང་རིང་ངག་རྒྱུན་དུ་འཇགས་པའི་སྨོན་ཚིག་སྒྲོན་གྱི་ཡོད།དེ་དང་ཆབས་ཅིག་གྲོང་ཚོའི་དུད་ཚང་གཉིས་གསུམ་རེ་མཉམ་དུ་གུར་བརྒྱབ་སྟེ་མཆོད་ཆང་དང་།ཇ་བསྲུབས་མ་དང་མངར་མོ།དེ་བཞིན་ཞིམ་ཟས་སྣ་ཚོགས་བསྒྲིགས་ནས་འོང་ཁ་སྐོར་མཁན་བསྒུགས་ནས་སྡོད་པ་དང་།དེ་རྣམས་འབྱོར་རྗེས་སྒོར་སྒོར་བྱས་ཏེ་གཞས་ཆེན་མཇུག་ཤོས་དེ་བཏང་རྗེས།གླིང་ཁ་གཏོང་འགོ་ཚུགས་ཀྱི་ཡོད།དེ་ནི་འོང་སྐོར་སྐབས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་ཞིག་རེད།

    འོང་སྐོར་བཏང་རྗེས་མང་ཚོགས་རྣམས་ཟོར་བ་ཁྱེར་ནས་བཙས་མ་རྔ་འགོ་ཚུགས་ཀྱི་ཡོད།གསར་འགོད་པས་ཆུ་ཤུར་རྫོང་གི་རྒྱལ་ལམ་318རྒྱུད་ཀྱི་གཞོགས་གཉིས་ནས་སྙེ་མའི་མགོ་ལྕོག་ལྡེམ་པའི་ནས་ཞིང་དུ་ལས་ལ་བརྩོན་པའི་མང་ཚོགས་ཀྱིས་ཁེངས་པ་དང་།སེར་ཆེམ་ཆེམ་གྱི་ཚར་མ་རྣམས་རླངས་འཁོར་དུ་བླུག་དུས་གྲོང་མི་ཚོའི་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད་པ་མཐོང་བྱུང་།“འདི་ལོ་བཏབ་པའི་ནས་ཞིང་སྐྱེ་འཚར་ཡག་པོ་བྱུང་འདུག་པས། ཐོན་འབབ་ཡག་པོ་ཡོང་ངེས་རེད” ཉེ་བའི་ལོ་ཤས་རིང“ཞིང་སྨན་དང་རྫས་ལུད་གཅིག་ཀྱང་མེད་པའི”ནས་འདེབས་པ་ཁྱབ་གདལ་བཏང་སྟེ་འབྲུ་རིགས་ལ་ལྷད་མེད་པའི་འགན་ལེན་བྱས་པ་དང་ཆབས་ཅིག ཉོ་སྒྲུབ་རིན་གོང་ཡང་འཕར་ཡོད”ཅེས་ཆུ་ཤུར་གྲོང་རྡལ་གྱི་གྲོང་མི་བློ་བཟང་གིས་དེ་ལྟར་བཤད།མིག་སྔར་ནས་སྐྱེ་འཚར་ཡག་པོ་བྱུང་ནས་ཐོན་འབབ་ཡག་པོ་ཡོད་པ་དང་།བློ་བཟང་གིས་ཀྱང་སྤྱིར་ན་རྟག་ཏུ་རང་ཁྱིམ་གྱི་ཞིང་ཁར་སྐོར་བ་རྒྱག་པར་འགྲོ་གི་ཡོད།སྤུས་ལེགས་ཀྱི་སོན་བཟང་དང་།སྐྱེ་ལྡན་ལུད།སྐྱེ་དངོས་ཞིང་སྨན།ལེ་ལག་ཚང་བའི་འདེབས་ལས་སོགས་ཁོང་ཚོས་རང་ཉིད་ཀྱིས་བཏབ་པའི་སྐྱེ་ལྡན་ནས་ལ་ཐོན་འབབ་ཡག་པོ་ཡོད་པའི་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།ཉེ་བའི་ལོ་ཤས་རིང་།མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་སྦྲགས།བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཀྱང་ཡོངས་ཁྱབ་ངང་ཟབ་ཏུ་ཕྱིན་ཏེ་གནོད་མེད་སྐྱེ་ལྡན་ཐོན་རྫས་རིམ་བཞིན་སྤྱི་དམངས་ཀྱི་འཛད་སྤྱོད་དར་བཟོ་ཞིག་ཏུ་གྱུར་ནས་ཁྲོམ་རའི་དགོས་མཁོ་ཧ་ཅང་མང་དུ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད།ཆུ་ཤུར་རྫོང་གིས་རྒྱལ་ཡོངས་གནོད་མེད་སྐྱེ་ལྡན་ཞིང་ལས་དཔེ་སྟོན་བྱེད་སྒོ་ཧུར་ཐག་སྤེལ་ཡོད།བཀྲ་ཤིས་གཡང་འཛོམས་ཀྱིས“ང་ཚོས་ཞིང་ལས་འབབ་འཕར་དང་ཞིང་པའི་འབབ་འཕར་ལྟེ་བར་བྱས་ཏེ་ཞིང་ལས་ཀྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་དང་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་པས།ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རིམ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པ་དང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད”ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན།ཆུ་ཤུར་རྫོང་གིས་ལོ་ལྟར་ནས་མུའུ་ཁྲི་2.5ཡས་མས་རྒྱུན་འཁྱོངས་དང་།རང་ལྗོངས་ཀྱི་གནོད་མེད་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་རྫོང་ཆེན་ཡིན་པའི་ངོས་ནས་མིག་སྔར་ཆུ་ཤུར་རྫོང་གི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྡོམ་མ་ལག་རིམ་བཞིན་འཐུས་ཚང་དུ་འགྲོ་བ།སྤུས་ཚད་ལྟ་སྡོམ་མཉམ་བགྲོད་རྗེས་སྙེག་བཅས་བྱས་པས།ཐོན་སྐྱེད་དང་།ལས་སྣོན།འཁོར་རྒྱུག་བཅས་ཀྱི་ལྷུ་ཚིགས་ཁྱོན་ཡོངས་ལ་ཁྱབ་ནས་ཆུ་ཤུར་རྫོང་གིས་ཕྱོགས་ཡོངས་ནས་སྐྱེ་ལྡན་ཞིང་ལས་ཀྱི་གྲགས་ཅན་སྤུས་རྟགས་བཏོད་པ་དང་།གནོད་མེད་སྐྱེ་ལྡན་ཞིང་ལས་ཐོན་རྫས་མཚོན་རྟགས་ལ་འགྱུར་བར་བྱེད་པ།ཞིང་འབྲོག་པ་སྔར་ལས་མང་བས་འབབ་འཕར་ཕྱུག་འགྱུར་ལ་ལེགས་སྐྱེས་འབུལ་བ་བཅས་དང་།དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།