རྩོམ་པ་པོ།   ཚེ་རིང་རྒྱ་མཚོ། མཁའ་མཚོ་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2017-08-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་རྒྱ་མཚོ། མཁའ་མཚོ་སྐྱིད།ཟླ8པའི་ཚེས15ཉིན་གྱི་དགོང་མོ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་གསུམ་པའི་ཨ་མདོ་བོད་ཀྱི་གྱོན་ཆས་རིག་གནས་སྒྱུ་རྩལ་དང་ཨ་མདོ་བོད་ཀྱི་གྱོན་ཆས་བཤམས་སྟོན་དུས་ཆེན་མགོ་རྩོམ་མཛད་སྒོ་དེ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་སྤེལ་ཞིང་།དགོང་ཚོགས་ཀྱི་ཡུལ་དངོས་སུ་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་གྱོན་ཆས་འཁྲབ་སྟོན་རུ་ཁག་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་ཐོན་པའི་གྱོན་ཆས་འཁྲབ་སྟོན་རུ་ཁག་རྣམས་གར་སྟེགས་སུ་བུད་དེ་ཕུན་སུམ་ཚོགས་པའི་བོད་ཀྱི་གྱོན་ཆས་རིག་གནས་ངོམས་པ་དང་།བོད་ཀྱི་མིང་དུ་གྲགས་པའི་གླུ་མ་བྱང་མོ་མཚོ་དང་གཡུ་སྒྲོན།སྒྲོལ་མ་འཚོ།གླུ་བ་གྲགས་ཅན་རིན་ཆེན་ཚེ་རིང་།དཀོན་མཆོག་རྒྱ་མཚོ།པདྨ་དབང་འགྲུབ་སོགས་གདན་འདྲེན་ཞུས་ཏེ་ཡུལ་དངོས་ཀྱི་གཟིགས་མོ་བ་ཀུན་ལ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཕུལ།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་གཙོ་ཆེར་བོད་ཀྱི་རྒྱན་གོས་འཁྲབ་སྟོན་སོགས་བྱ་འགུལ་རབས་དང་རིམ་པར་བརྒྱུད་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་དམངས་ཁྲོད་རིག་གནས་དར་ཁྱབ་དང་།ཕུན་སུམ་ཚོགས་ཤིང་མཛེས་སྡུག་ལྡན་པའི་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་མཛེས་ཉམས་འགྲེམ་པ།བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་དང་།མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་འཆམ་མཐུན་སྤྲོ་སྐྱིད་ལྡན་པའི་འཚོ་བ་གསར་བ་ངོམ་པ།ཕྱོགས་ཡོངས་ནས་བོད་ཀྱི་རྒྱན་གོས་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་སོགས་ནུས་པ་གལ་ཆེན་ཐོན།