ཁུལ་སྟོན་གྱི་སྐབས་སུ་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དང་བཀྲམ་འཚོང་ཁྱབ་སྤེལ་བྱེད་པའི་དཔལ་འབྱོར་ཚོང་ལས་བྱེད་སྒོ་བསྡུ་རྒྱུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱེད་པ་དང་བདེ་ཆེན་ཁུལ་ཚོང་དོན་ཅུས་ཀྱིས་སྒྲུབ་འགན་འཁུར་ལེན་བྱེད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བའི་དཔལ་འབྱོར་ཚོང་ལས་བྱེད་སྒོ་དང་2017ཀྲུང་གོ་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་བཀྲམ་འཚོང་ཚོང་འདུས་ནི་ཟླ་9པའི་ཚེས་13ཉིན་ནས་ཚེས་18ཉིན་བར་སེམས་ཀྱི་ཉི་ཟླའི་བེ་ཤའི་ལྡུམ་ཁུལ་དུ་བསྡུ་རྒྱུ་ཡིན།

    མིག་སྔར།སྒྲུབ་འགན་འཁུར་ལེན་བྱེད་ཕྱོགས་ཀྱིས་བོད་ལྗོངས་དང་སི་ཁྲོན།མཚོ་སྔོན་བཅས་མཐའ་སྐོར་གྱི་བོད་ཁུལ་དང་ཞིང་ཆེན་ཕྱི་ནང་གི་ཁེ་ལས་100ལྷག་གདན་འདྲེན་བྱས་པ་མ་ཟད།ད་དུང་བལ་བོར་གནས་པའི་ཁེ་ལས་གཉིས་དང་ཨ་ཧྥུ་ཧན་དུ་གནས་པའི་རང་རྒྱལ་གྱི་ཁེ་ལས་གཅིག་གདན་འདྲེན་བྱས་པ་རེད།

    སྒྲུབ་འགན་འཁུར་ལེན་བྱེད་ཕྱོགས་ཀྱིས་ཁང་པའི་ནང་གི་འགྲེམ་སྟོན་ཁང་དང་ཁང་པའི་ཕྱིའི་བཀྲམ་འཚོང་བཤམ་གནས་ཁྱོན་བསྡོམས་230བཀོད་སྒྲིག་བྱས་ཡོད།ཁང་པའི་ཕྱིའི་བཀྲམ་འཚོང་བཤམ་གནས་དེ་དག་གཙོ་བོ་ནི་ས་གནས་ཁེ་ལས་ཀྱིས་ཐོན་རྫས་འགྲེམ་སྟོན་དང་བཀྲམ་འཚོང་བྱེད་རྒྱུར་འདོན་སྤྲོད་བྱེད་པ་དང་།ཁང་པའི་ནང་གི་བཤམ་གནས་དེ་དག་གཙོ་བོ་ནི་ཞིང་ཆེན་སོ་སོའི་བཀྲམ་འཚོང་པ་དང་རྒྱལ་ཕྱིའི་བཀྲམ་འཚོང་པ།ཉོ་སྒྲུབ་པ།མ་རྩ་འཇུག་མཁན།གནས་བབ་ལེགས་པའི་ས་གནས་ཀྱི་ཐོན་རྫས་ཁྱབ་སྤེལ་འགྲེན་སྟོན་བྱེད་རྒྱུར་འདོན་སྤྲོད་བྱེད་པ་རེད།

    དེའི་སྐབས་སུ།ད་དུང་2017ཀྲུང་གོ་སེམས་ཀྱི་ཉི་ཟླའི་ཚོང་དང་མ་རྩ་འདྲེན་འགུགས་བྱེད་པའི་ཁྱབ་སྤེལ་དང་མཉམ་ལས་རྣམ་གྲངས་ཀྱི་གྲོས་མཐུན་འཇོག་པའི་མཛད་སྒོ་བསྡུ་རྒྱུར་གྲ་སྒྲིག་བྱས་ཡོད་པ་དང་།ཁུལ་ཕྱིའི་ཁེ་ལས་ཀྱི་འཐུས་མི་150གདན་འདྲེན་ཞུ་རྒྱུའི་འཆར་གཞི་བཀོད་ཡོད།