མཚོ་བོད་ས་མཐོར་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་155བསྐྲུན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-08-02   རྩོམ་ཁུངས།    མི་དམངས་དྲ་བ།

        ཧྲེན་ཀྲེན་དུ་གྲོལ་མ་ཐག་པའི་རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་སྐབས་19པའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར།མཚོ་བོད་ས་མཐོར་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་155བསྐྲུན་ཟིན་པའི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་82.24ཟིན་ནས་མཚོ་བོད་ས་མཐོའི་རྒྱ་ཁྱོན་གྱི་32.35%བཟུང་ཡོད་པ་རེད།

        ཀྲུང་གོ་སྐྱེ་དངོས་རིག་པ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ཀེ་སུང་གིས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོ་སྟེ།མཚོ་བོད་ས་མཐོའི་ཁྱད་འཕགས་ཀྱི་ས་གཤིས་ལོ་རྒྱུས་དང་སྣ་མང་ཅན་གྱི་རང་བྱུང་ཁོར་ཡུག་ལས་སྐྱེ་དངོས་ཁྱད་པར་ཅན་དང་རྩ་ཆེན་མང་པོ་སྐྱེས་ནས་སྐམ་སར་ས་བབ་མཐོ་བའི་ཁྱད་ལྡན་སྣོད་བཅུད་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟེ་བར་གྱུར་པ་དེ་ནི་རང་རྒྱལ་དང་གོ་ལ་ཧྲིལ་པོའི་སྐྱེ་དངོས་རིགས་གལ་ཆེན་དག་གི་གཞི་རྒྱུའི་མཛོད་དང་།སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་ཡུལ།སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཞིག་རེད་ཅེས་ངོ་སྤྲོད་བྱས།

        དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་།མིའི་རིགས་ཀྱི་འགུལ་སྐྱོད་མང་དུ་སོང་ནའང་།མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཡག་པོ་ཐུབ་པ་དང་ལེགས་སུ་ཕྱིན་ནས་སྐྱེ་དངོས་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་རང་བྱུང་སྣོད་བཅུད་མ་ལག་འཁོར་རྒྱུག་བཟང་པོ་ཐུབ་ཡོད།

        བསྡོམས་རྩིས་བྱས་པར་གཞིགས་ན།མིག་སྔར།མཚོ་བོད་ས་མཐོའི་སྲུང་སྐྱོང་བྱ་ཡུལ་འདམ་ར་དང་།རང་བྱུང་ནགས་ཚལ།རྩྭ་ཐང་།ན་ཁ།མྱ་ངམ་ཐང་སོགས་སྣོད་བཅུད་མ་ལག་གི་གཞི་ཁྱོན་གྱིས་ས་མཐོའི་རིགས་མཚུངས་སྣོད་བཅུད་མ་ལག་གི་སྤྱིའི་གཞི་ཁྱོན་གྱི་44.62%དང་། 10.03% 53.17% 34.58% 23.68%བཅས་སོ་སོར་ཟིན་ནས།མཚོ་བོད་ས་མཐོའི་སྣོད་བཅུད་སྣང་ཚུལ་ལེགས་སུ་གཏོང་བ་དང་ས་ཆའི་སྣོད་བཅུད་བདེ་འཇགས་སྲུང་བར་ནུས་པ་གལ་ཆེན་བཏོན་ཡོད།དེང་གི་དུས་སུ་མཚོ་བོད་ས་མཐོ་འདི་ཉིད་རྩ་ཆེ་ཞིང་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་ཅི་དགར་འཚོ་བའི་གནས་མཆོག་ཏུ་གྱུར་ཡོད་ལ།སྲུང་སྐྱོང་ཁུལ་ཀྱང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ལ་གྱུར་ཡོད་པ་རེད།