སེམས་ཀྱི་ཉི་ཟླའི་རང་བྱུང་ཡུལ་ལྗོངས་ཀྱི་མཛེས་སྡུག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 སེམས་ཀྱི་ཉི་ཟླ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་སྲིད་གཞུང་སྡོད་གནས་ཡིན་ལ། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་སུ་ཆགས་ཤིང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ལྗོངས་ཞིང་གསུམ་གྱི་འབྲེལ་མཚམས་ཡིན་པར་མ་ཟད། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཡུལ་ཁོངས་ཏེ་གཙང་བོ་གསུམ་གཅིག་ཏུ་བཞུར་བའི་མཛེས་ལྗོངས་ཆགས་ཡུལ་ཡིན། 



 

  སེམས་ཀྱི་ཉི་ཟླའི་ཡུལ་འདི་གངས་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་ས་གཤིས་ལེགས་ལ། ཆུ་མོད་ཅིང་རྩི་ཏོག་རྒྱས་པ་དང་། སྤང་ལྗོངས་ཡངས་པ། ཟླ་བདུན་པར་སྒང་གཤོང་ཡོད་ཚད་སྟག་མའི་མེ་ཏོག་དང་སྐལ་བཟང་མེ་ཏོག་སོགས་བགྲང་ལས་འདས་པའི་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བས་མེ་ཏོག་གིས་གྲུབ་པའི་ས་གདན་ཞིག་དང་མཚུངས། སྔོ་བསང་ནམ་མཁའི་འོག་ན། རྫི་བོ་དག་གིས་རྫི་གླུ་ལེན་བཞིན་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་རྣམ་པ་ནི་རང་དབང་གིས་གྲུབ་པའི་དབེན་པའི་སྐྱེད་ཚལ་ཞིག་ཡིན་པ་དང་། སྤང་ལྗོངས་སུ་རང་བྱུང་གི་མཚེའུ་མང་པོ་ཕྲ་བཏབ་པ་ལྟར་འཁྱིལ་ཞིང་། དེ་དག་ནི་དྭངས་གསལ་གྱི་མེ་ལོང་ཞིག་དང་འདྲ་བར་ཨ་སྔོན་དང་ནགས་ཚལ་གྱི་མཛེས་ལྗོངས་འཕྲོས་ཏེ། མི་དང་སྲོག་ཆགས་མང་པོའི་ཡིད་དབང་འཕྲོག་པས། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་དགའ་ཚལ་དུ་གྱུར་བ་ཡིན། གནས་འདི་རུ་ཁྱད་ཆོས་ཐུན་མོང་མ་ཡིན་པའི་གྲོང་མིའི་སྡོད་ཁང་སྣ་ཚོགས་ཡོད་པ་དང་།  བོད་རིགས་དང་འཇང་རིགས། ཉ་དཀར་བ། ད་དུང་རྒྱ་རིགས་བཅས་ཀྱི་སྡོད་ཁང་ལ་མི་རིགས་རང་རང་གི་ཁྱད་ཆོས་མངོན་པར་གསལ་བས་གནས་སྐོར་བའི་ཡིད་དབང་འགུགས་པར་བྱེད་ངེས་སོ། །