བོད་ལྗོངས་ནང་བསྟན་སློབ་གླིང་གིས་ལོ་ཆུང་སྤྲུལ་སྐུའི་སློབ་ཆུང་འཛིན་གྲྭའི་སློབ་ཐོན་མཛད་སྒོ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-13   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།

       ཟླ་7ཚེས་10ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་གིས་སྐབས་དང་པོའི་ལོ་ཆུང་སྤྲུལ་སྐུའི་སློབ་ཆུང་འཛིན་གྲྭའི་སློབ་ཐོན་མཛད་སྒོ་དང་སློབ་སྦྱོང་སྦྱངས་འབྲས་སྙན་སེང་འགྲེམས་སྟོན་ཚོགས་འདུ་འཚོགས་ཤིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་བསོད་ནམས་རིག་འཛིན་ཚོགས་འདུར་ཕེབས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་བོད་ལྗོངས་ནང་བསྟན་སློབ་གླིང་གི་ལོ་16མན་གྱི་ལོ་ཆུང་སྤྲུལ་སྐུ་གསོ་སྐྱོང་གི་ལས་དོན་ལ་ཞིབ་འཇུག་བྱ་རྒྱུ་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཡིག་ཆ་གལ་ཆེན་བཟོས་ཡོད། ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭ་སློབ་འགོ་ཚུགས་པ་ནས་བཟུང་། འབྲེལ་ཡོད་སློབ་གྲྭས་ཕུལ་བྱུང་དགེ་རྒན་འདེམས་མངགས་བྱས་ཏེ་རིག་གནས་ཤེས་བྱ་བསླབས་ཡོད། ནང་བསྟན་སློབ་གླིང་གིས་ནང་རིག་པར་མཁྱེན་རྒྱ་ཡངས་པའི་དཔེ་ཆའི་དགེ་རྒན་མངགས་ཏེ་ནང་ཆོས་ཀྱི་རྨང་གཞིའི་ཤེས་བྱ་ཞིབ་ཚགས་ངང་བསླབས་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ནང་བསྟན་སློབ་གླིང་གིས་ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭའི་དོ་དམ་དང་། སློབ་ཚན་བཀོད་སྒྲིག སློབ་ཁྲིད་བྱེད་སྟངས། ཞིབ་དཔྱད་བྱེད་སྟངས་བཅས་ཟམ་མི་ཆད་པར་འཚོལ་ཞིབ་དང་ལེགས་སུ་བཏང་ནས་དགོན་སྡེའི་ཆོས་རྭའི་རྣམ་པ་དང་དེང་རབས་སློབ་གསོ་ཟུང་དུ་འབྲེལ་བའི་གསོ་སྐྱོང་བྱེད་སྟངས་ཤིག་ཆགས་པར་བྱས་ཡོད།
      སློབ་མཐར་ཕྱིན་པའི་སྤྲུལ་སྐུའི་འཛིན་གྲྭའི་སློབ་མས་སློབ་སྦྱོང་ལ་འབད་བརྩོན་གྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།  སྒོམ་སྒྲུབ་བརྒྱབ་ཀྱང་འགྲོ་བར་ཕན་པ་གདགས་རྒྱུ་མི་བརྗེད་པ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཕུལ་བྱུང་གི་སྤྲུལ་སྐུ་ཞིག་ཆགས་རྒྱུར་འབད་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།