སེམས་ཀྱི་ཉི་ཟླའི་ཇ་རྟ་གནའ་ལམ་མི་རིགས་དངོས་མང་བཤམས་སྟོན་ཁང་གཉེར་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་7པའི་ཚེས་2ཉིན། མི་སྒེར་གྱི་སེམས་ཀྱི་ཉི་ཟླའི་ཇ་རྟ་གནའ་ལམ་མི་རིགས་དངོས་མང་བཤམས་སྟོན་ཁང་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་སྡེ་གཉེར་འགོ་ཚུགས་པ།དེ་ནི་བདེ་ཆེན་ཁུལ་གྱི་མིང་ལ་ཇ་རྟ་གནའ་ལམ་བཏགས་པའི་མི་རིགས་དངོས་མང་བཤམས་སྟོན་ཁང་ཐོག་མ་ཡིན་ཞིང་།ཕྱོགས་ཡོངས་ནས་ཇ་རྟ་གནའ་ལམ་རིག་གནས་ལ་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་སྟབས་བདེ་ཞིག་ཡིན།



     དངོས་མང་བཤམས་སྟོན་ཁང་དེ་ནི་རྒྱ་མཚོ་ཆོས་འཕེལ་དང་བློ་བཟང་མཐར་ཕྱིན་སྤུན་མཆེད་གཉིས་ཀྱིས་མ་དངུལ་བཏང་ནས་འཛུགས་པ་ཞིག་ཡིན།2015ལོའི་ཟླ་4པའི་ཚེས་8ཉིན་འཛུགས་འགོ་ཚུགས་པ་དང་ས་ཞིང་རྒྱ་ཁྱོན་སྨི་གྲུ་བཞི་1265བཟུང་ཡོད་ལ།རིགས་འདྲ་མི་སྣ་ཚོགས་ཀྱི་འཚོ་བའི་སྤྱོད་ཆས་དང་ཆོས་ལུགས་སྤྱོད་ཆས།གོས་རྒྱན།རྟ་ཆས།མེ་ཐབ་རིག་གནས་སོགས་ཀྱི་འགྲེམས་ཁང་བཀོད་སྒྲིག་བྱས་ཡོད་པ་དང་།གནའ་དེང་རྒྱལ་ཁབ་ཕྱི་ནང་གི་རིགས་འདྲ་མི་སྣ་ཚོགས་ཀྱི་ཇ་རྟ་གནའ་ལམ་གྱི་རིག་གནས་འགྲེམས་རྫས་2000ལྷག་འགྲེམས་སྟོན་བྱས་ཡོད་པས།དེ་ནི་མཚོན་བྱེད་རང་བཞིན་ལྡན་པའི་དམངས་གཉེར་སྡེ་ཚན་ཞིག་ཡིན་ཞིང་།བདེ་ཆེན་ཁུལ་གྱི་མིང་ཇ་རྟ་གནའ་ལམ་བཏགས་པའི་གྲོང་གསེབ་མི་རིགས་དངོས་མང་བཤམས་སྟོན་ཁང་ཐོག་མ་ཡིན་པ་རེད།






     ཤེས་རྟོགས་བྱུང་བར་གཞིགས་ན།དུས་རབས་སྔོན་མའི་ལོ་རབས་20པ་ནས་ལོ་རབས་60པའི་བར་ཏེ་ལོ་ངོ་40ལྷག་གི་དུས་ཡུན་ནང་།རྒྱ་མཚོ་ཆོས་འཕེལ་ཁྱིམ་རྒྱུད་ཀྱི་མི་རབས་གསུམ་པོ་དཀའ་ཚེགས་ཆེ་བའི་ཇ་རྟག་གནའ་ལམ་ཐོག་ཏུ་བསྐྱོད་མྱོང་ཡོད།རྒྱ་མཚོ་ཆོས་འཕེལ་དང་བློ་བཟང་མཐར་ཕྱིན་སྤུན་མཆེད་གཉིས་ཀྱིས་ལོ་ངོ་10ལྷག་གི་དུས་ཚོད་སྤྱད་ནས་ཇ་རྟ་གནའ་ལམ་ཐོག་གི་རྩ་ཆེའི་ཤུལ་དངོས་བཙལ་འཚོལ་བྱས་པ་དང་།འཚོལ་བསྡུ་བྱས་པའི་དངོས་པོ་དག་རིགས་བགོས་ནས་དངོས་མང་བཤམས་སྟོན་ཁང་དུ་བཤམས་སྟོན་བྱས་ཏེ།དངོས་རྫས་ཀྱི་ཐོག་ནས་སེམས་ཀྱི་ཉི་ཟླའི་བོད་ཁུལ་གྱི་ལོ་རྒྱུས་འགྲེམས་སྟོན་བྱས།
     རྒྱ་མཚོ་ཆོས་འཕེལ་གྱིས་ངེད་ཚང་གི་ཕ་མེས་མི་རབས་གསུམ་པོ་ཀུན་ཇ་རྟ་གནའ་ལམ་དུ་ཁེལ་མ་འདེད་མཁན་བྱས་མྱོང་ཡོད།ཁོང་ཚོས་དཀའ་ངལ་ཁྱད་བསད་ངང་མདུན་དུ་སྐྱོད་པའི་སྙིང་སྟོབས་དེ་ང་ཚོས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།བོད་རིགས་ཀྱི་སྔོན་བྱོན་པའི་རྟ་ཐོག་གི་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན།དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཡིན།དེའི་ཕྱིར།སེམས་ཀྱི་ཉི་ཟླའི་ཇ་རྟ་གནའ་ལམ་མི་རིགས་དངོས་མང་བཤམས་སྟོན་ཁང་གཉེར་རྒྱུ་ནི་ངེད་སྤུན་མཆེད་གཉིས་ཀྱི་ལོ་ངོ་མང་པོའི་རེ་འདུན་ཞིག་ཡིན་པས།ང་ཚོས་སེམས་ཀྱི་ཉི་ཟླའི་ཇ་རྟ་གནའ་ལམ་མི་རིགས་དངོས་མང་བཤམས་སྟོན་ཁང་དེ་མི་ཚོས་བོད་རིག་གནས་ལ་མྱོང་ཚོར་བྱེད་པའི་སྟེགས་བུ་ཞིག་ཏུ་འཛུགས་པར་འབད་བརྩོན་བྱས་ཏེ།ཕ་ཡུལ་འདི་ཉིད་ཀྱི་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན།དར་སྤེལ་གཏོང་བའི་ཐད་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།