བྱིའུ་སྒང་པའི་ལུགས་ཀྱི་ཐང་ག་འབྲི་རྒྱུན་རྙིང་པར་གསོན་ཤུགས་གསར་པ་རྒྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-24   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།


      ཐང་ག་ནི་བོད་བཙན་པོའི་དུས་སུ་དར་བ་ཞིག་ཡིན་པས།ད་བར་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཡོད་ཅིང་།འཕེལ་རྒྱས་ཀྱི་ལམ་བུ་ཇི་སྙེད་ཅིག་བརྒྱུད་རྗེས་དེའི་ཐད་མཁས་དབང་མང་པོ་ཐོན་ནས་རིམ་བཞིན་མཁྱེན་རྩེའི་ལུགས་དང་།སྨན་ཐང་དང་སྨན་གསར་ལུགས།ཀརྨ་སྒར་བྲིས་ཀྱི་ལུགས་སོགས་ལུགས་ཆེ་བ་མང་པོ་ཐོན་ཡོད་ལ། ད་དུང་གོས་ཐང་དང་། ཐགས་དྲུབ། འཚེམ་དྲུབ་སོགས་ཐང་ག་བཞེངས་པའི་ལག་རྩལ་རྣམ་གྲངས་ཀྱང་ཇེ་མང་དུ་ཕྱིན་ཡོད།དེར་བརྟེན་འཛམ་གླིང་སྤྱི་ཡིས་བོད་ཀྱི་ཐང་གའི་སྒྱུ་རྩལ་ལ་བརྩི་མཐོང་ཇེ་ཆེར་ཕྱིན་ནས་ད་ཆ་བོད་ཀྱི་ཐང་ག་ནི་དད་རྟེན་ཙམ་མིན་པར་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་མཚོན་བྱེད་ཅིག་ཏུ་གྱུར་ཡོད་པ་ནི་དགའ་འོས་པ་ཞིག་ལོས་ཡིན།འོན་ཀྱང་དཀར་གསལ་ཟླ་བ་ཡིན་རུང་།རི་བོང་གཟུགས་ཀྱི་ར་རིས་སྦགས་པ་ལྟར་བོད་ཀྱི་ཐང་གའི་འཕེལ་རྒྱས་ཀྱི་གོམ་སྟབས་ལ་རྡོག་སྒྲ་མི་མཚུངས་པའི་ཆའང་མངོན་རྒྱུ་ཡོད་པ་ནི་ཐང་གའི་ལོ་རྒྱུས་ཀྱི་སྒོ་འཕར་འབྱེད་མཁན་གྲས་སུ་གྱུར་པའི་བྱིའུ་ལུགས་ཀྱི་ཐང་གའི་འབྲི་རྒྱུན་ཉམས་དམས་སུ་གྱུར་པ་དེ་ཡིན་པས།ད་ཆ་མྱུར་སྐྱོབ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད་པ་རེད།

      ཤོད་སྲོལ་ལ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་བོད་ལྗོངས་ལྷོ་ཁའི་ཡར་སྟོད་ཁུལ་དུ་བྱིའུ་སྒང་པ་ཞུ་བའི་ལྷ་འབྲི་བ་མཁས་ཅན་ཞིག་བྱོན་ཞིང་།ཁོང་ཉིད་ཆུང་ངུའི་དུས་ནས་ལྷ་འབྲིའི་སྒྱུ་རྩལ་གྱི་སྒོར་ཞུགས་ནས་བལ་བྲིས་གཙོ་བོར་དོན་གཉེར་མཛད།ཕྱིས་སུ་མདོ་དབུས་ཁམས་གསུམ་དུ་བསྐྱོད་ནས་བོད་ཡུལ་གྱི་ལྷ་འབྲི་ལུགས་མི་འདྲ་བ་དག་གི་ལེགས་ཆ་བསྡུས་པ་མ་ཟད།བལ་བྲིས་ཀྱི་ཁྱད་ཆོས་དེ་ཉིད་བོད་རིགས་ཀྱི་བསམ་པའི་འདུ་ཤེས་ལྟར་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ཐོག་བྱིའུ་སྒང་པ་ཞེས་པའི་ལྷ་བྲིས་ཀྱི་ལུགས་ཞིག་གསར་གཏོད་མཛད།བྱིའུ་སྒང་པ་ཞེས་ཐོགས་དོན་ནི་ལྷ་འབྲི་བ་དེས་འཕུར་རྩལ་ལྡན་པའི་བྱིའུ་ལྟར་བོད་ཡུལ་སྟོད་སྨད་གང་སར་ངེས་མེད་དུ་བྱོན་ནས་རི་མོའི་ལེགས་ཆ་འཚོལ་བ་དང་ཉམས་ཞིབ་གནང་བར་ཕེབས་པར་བརྟེན་མི་ཚོས་ཁོང་ལ་བྱིའུ་སྒང་པ་ཞེས་འབོད་ཅིང་། ཕྱིས་སུ་ཁོང་གི་རི་མོའི་འབྲི་རྒྱུན་ལའང་མིང་དེ་ལྟར་ཆགས་པར་གྲགས།

      བྱིའུ་སྒང་པའི་ལུགས་ཀྱི་རི་མོའི་ཁྱད་ཆོས་ནི་སྔར་ཡོད་བོད་ཀྱི་རི་མོའི་འབྲི་ལུགས་ཐོག་བལ་ཡུལ་གྱི་ནང་བསྟན་ལྷ་སྐུའི་ཉམས་འགྱུར་མཚོན་སྟངས་ཀྱི་ལེགས་ཆ་རྣམས་བཞེས་པས་ངོ་མཚར་ཅན་གྱི་རི་མོའི་འབྲི་ལུགས་ཤིག་ཏུ་གྱུར་ཡོད།ལྷ་འབྲི་བ་མཁས་ཅན་ཚོའི་གསུང་རྒྱུན་ལྟར་ན།ལུགས་འདིའི་འབྲི་ཆའི་ལྷ་སྐུ་གཙོ་བོ་རྣམས་འབྲི་གཞིའི་དབུས་སུ་འབུར་དུ་ཐོན་པ་བྱེད་པ་དང་།ལྷ་གཞན་རྣམས་མཐའ་འཁོར་དུ་འབྲི་བའམ་ཡང་ན་ལྷ་ཚོགས་རྣམས་གཅིག་མདུན་གཅིག་སྒྲིབ་ཀྱིས་ལྷ་སྐུའི་དབུ་དང་སྐུ་སྟོད་འབུར་ཐོན་གྱིས་ཞལ་རིས་དང་དབུ་རྒྱན་སོགས་མངོན་ཆེར་འདོན་པ་མ་ཟད།ལྷ་སྐུའི་ཤ་ཚུགས་དག་རྒྱ་བལ་གྱི་ལི་སྐུ་དང་ཆ་འདྲ་ལ།ན་བཟའ་སོགས་རྒྱས་པོ་དེ་ཙམ་མེད་པས་ཤ་ཚུགས་མངོན་ཆེ་བ།སྐུའི་རྒྱབ་ཡོལ་མང་ཆེ་བར་ཟླ་གམ་གཟུགས་ལ་ཚོན་ལི་ཁྲི་དང་བར་སྟོང་གི་ཆ་རྣམས་ལ་ཚོས་གཞི་སྔོན་པོ་ཤས་ཆེ་ཙམ་གཏོང་གི་ཡོད་པས་ལྟ་སྣང་ལ་ལི་ཁྲི་དང་སྔོ་ཤས་ཆེ་ཙམ་ཡོད།རི་མོའི་ནང་དོན་ལྟར་ཡུལ་ལྗོངས་ཕྲན་བུ་འབྲི་དགོས་རིགས་མ་གཏོགས་དེ་མིན་ཡུལ་ལྗོངས་མང་པོ་འབྲི་སྲོལ་མེད།ལྷག་དོན་མདངས་འདོན་ཚད་ཉུང་ཞིང་ཚོན་མདོག་ཚང་མར་ཚོན་དེ་རང་དང་རིགས་མཚུངས་ཀྱི་སྣུམ་པ་རེ་རེས་པ་ཊ་བརྒྱབ་པ་སོགས་སྨན་མཁྱེན་རྣམ་གཉིས་ཀྱི་ལུགས་དང་ཁྱད་པར་ཆེ་བ་སོགས་ད་ཕན་མི་ལོ་དྲུག་བརྒྱ་ལྷག་ཙམ་གྱི་ཡན་ལ་བྲིས་ཆ་དེ་རིགས་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ནི་དེང་གི་ས་སྐྱ་མགོན་པ་དང་།ཞ་ལུ་དགོན།དཔལ་ཆོས་དགོན་སོགས་ཀྱི་ལྡེབས་རིས་དང་དེ་མིན་ཆབ་མདོ་ས་ཁུལ་དང་རྒྱལ་ཁབ་ཕྱིའི་དངོས་མང་གཤམས་སྟོན་ཁང་ནང་ཉར་ཚགས་བྱས་པའི་ཐང་གའི་བརྩམས་ཆོས་དག་ལ་གཟིགས་ན་མཁྱེན་ངེས་ལགས།བྱིའུ་ལུགས་གསར་གཏོད་བྱུང་བས་བོད་རང་གི་རི་མོའི་འབྲི་རྩལ་སྔར་བས་གོང་འཕེལ་བྱུང་ནས་ལྷ་འབྲིའི་སྒྱུ་རྩལ་དེ་ལས་བོད་རང་གི་ཁྱད་ཆོས་མངོན་ཐུབ་པ་བྱུང་ཡོད་པ་རེད།

      སྐབས་ཤིག་རིང་བྱིའུ་སྒང་པའི་ལུགས་ཀྱི་རི་མོའི་འབྲི་རྒྱུན་དེ་དགོང་ཁར་ཕྱོགས་པའི་ཉི་མ་ལྟར་ཧ་ལམ་བཞུད་ལ་ཐུག་རུང་།ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་མཁས་དབང་ཚོས་ཐང་གའི་སྒྱུ་རྩལ་སྔར་བས་འཕེལ་རྒྱས་གཏོང་ཆེད།ལྷ་འབྲི་བ་ཚོར་འགྲེམས་སྟོན་དང་འགྲན་བསྡུར་ནང་ཞུགས་པའི་གོ་སྐབས་གང་ལེགས་སྤྲད་པ་དང་།མཁས་དབང་སྒྲིག་འཛུགས་ཀྱིས་ས་གནས་ཁག་གི་ལྷ་འབྲི་བའི་གནས་ཚུལ་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ནང་ཆབ་མདོ་དང་གཞིས་རྩེ་ས་ཁུལ་གཉིས་ནས་ཁྱིམ་ཚང་གིས་རྒྱུན་འཛིན་བྱེད་པའི་ལྷ་འབྲི་བ་གཉིས་རྟོགས་ལ།བྱིའུ་ལུགས་ཀྱི་ལྷ་འབྲིའི་རྒྱུན་འཛིན་པ་ཚད་མ་ཞིག་ཡིན་པ་རྟོགས་པས།ལུགས་དེ་སླར་ཡང་གོང་དུ་འཕེལ་བའི་འགན་ལེན་གལ་ཆེན་ཞིག་ཏུ་གྱུར་ཡོད།་འོངས་པའི་ལོ་ཟླའི་ནང་བྱིའུ་སྒང་པའི་ལུགས་ཀྱི་ཐང་ག་ནི་གང་དེའི་མིང་ནང་བཞིན་འཕུར་རྩལ་ལྡན་པའི་བྱིའུ་ལྟར་བོད་ཡུལ་སྟོད་སྨད་གང་སར་སྔར་བས་དར་ཁྱབ་འགྲོ་ངེས་ཡིན་པ་སྨྱུག་ཐོགས་པར་ཡིད་ཆེས་ཡོད།