ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བདེ་ཆེན་དུ་བརྟག་ཞིབ་ཕེབས།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2017-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

            སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས་4ཉིན། ཁྱོན་ཡོངས་ནས་ཡུན་ནན་དང་སི་ཁྲོན།  བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་དང་ཕན་ཚུན་སྦྲེལ་མཐུད་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱ་ཆེད།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བཀོད་སྒྲིག་ལྟར།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཚོ་ཆུང་བདེ་ཆེན་ཁུལ་དུ་འབྱོར་ནས་ཡུན་ནན་དང་སི་ཁྲོན།  བོད་ལྗོངས་བཅས་ཞིང་ཆེན་དང་ལྗོངས་གསུམ་གྱི་འབྲེལ་མཚམས་ཀྱི་ཕན་ཚུན་སྦྲེལ་མཐུད་དང་། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་སྒྲུབ་པའི་གནས་ཚུལ་དང་དེའི་ཐད་ལ་གནས་པའི་གནད་དོན་སྐོར་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་ཡང་བསྡུས་པ་རེད།    

            ཁུལ་ཨུའི་རྒྱུན་ཨུའམ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ནོར་བུ་ཚེ་རིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད།   

            བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་འགྲིམ་འགྲུལ་ཅུས། ཁུལ་ནོར་སྲིད་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་གཞན་རྫོང་དང་གྲོང་ཁྱེར་ཁག་གི་འགན་འཁུར་བས་རང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད།  


            ནོར་བུ་ཚེ་རིང་གིས་བདེ་ཆེན་ནི་ཡུན་ནན་དང་སི་ཁྲོན། བོད་ལྗོངས་གསུམ་གྱི་འདྲེས་མཚམས་སུ་གནས་ཤིང་།  སི་ཁྲོན་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་བར་གྱི་འགྲིམ་འགྲུལ་ས་གནས་གལ་ཆེན་ཞིག་ཡིན།   ཇ་རྟའི་འདྲེན་ལམ་དང་ལྷོ་ནུབ་ས་ཆའི་དར་གོས་ཚོང་ལམ་གྱི་ཡུལ་གཙོ་བོ་ཞིག་ཀྱང་ཡིན།   དུས་ཡུན་རིང་བོར་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཞིང་ཆེན་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག    བདེ་ཆེན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ཐད་རྒྱུན་མཐུད་རང་བཞིན་གྱི་བདེ་ཐང་འཕེལ་རྒྱས་བྱུང་ཡོད།  ཡུན་ནན་བོད་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག   སྐྱེ་ཁམས་སྲུང་སྐྱོབ་ཀྱི་བླང་བྱ་མཐོ་བ་དང་། ས་བབ་ཆགས་ཚུལ་རྙོག་འཛིང་ཆེ་བ།  ས་གནས་ནོར་ཤུགས་ལ་ཚད་ཡོད་པའི་རྒྱུ་རྐྱེན་སོགས་ཀྱི་དབང་གིས་འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཚོད་འཛིན་མི་ཉུང་བ་ཞིག་ཐེབས་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་གཞུང་ལམ་ཕན་ཚུན་སྦྲེལ་མཐུད་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་འདིས་བོད་ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཛའ་མཐུན།  དཔལ་འབྱོར་དར་རྒྱས་ཡོང་བ།  དེ་བཞིན་རྒྱལ་ཁབ་འཐབ་ཇུས་ཀྱི་བདེ་འཇགས་སོགས་ལ་དོན་སྙིང་གལ་ཆེན་ཞིག་ལྡན་ཡོད། རིམ་པ་ཁག་གི་སྡེ་ཁག་སོ་སོས་ཏང་དང་རྒྱལ་ཁབ་ཀྱིས་བོད་ཁུལ་ལ་བཅངས་པའི་དམིགས་བསལ་གྱི་ཐུགས་ཁུར་ལ་ངོས་འཛིན་ཟབ་མོ་གནང་ནས་བསམ་བློ་གཅིག་གྱུར་དང་།  ལས་འགན་གསལ་ཐག་ཆོད་པ།  རང་འགུལ་གྱིས་ཧུར་བརྩོན་བྱས་ཏེ་བརྟག་ཞིབ་ཚོ་ཆུང་གིས་ཐེངས་འདིའི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ལས་ཀར་གཞོགས་འདེགས་བྱས་ནས་ཏང་ཀྲུང་དབྱང་ལ་བློ་ཡིད་འཚིམས་པའི་ལན་ཞིག་སྤྲོད་དགོས་པར་བསྟན་ཡོད།                                                            

བརྟག་ཞིབ་ཚོ་ཆུང་གིས་ངེས་པར་ཡུན་ནན་བོད་ཁུལ་དུ་གནས་པའི་དཀའ་ངལ་དང་གནད་དོན།   བདེ་ཆེན་གྱིས་བཏོན་པའི་འོས་མཐུན་གྱི་གྲོས་གཞི་སོགས་གོང་རིམ་ཀྲུང་དབྱང་ལ་ཕུལ་ནས།   ཀྲུང་དབྱང་གིས་བོད་ཁུལ་གྱི་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་ཡག་པོ་སྒྲུབ་ཆེད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་།   ཡུན་ནན་དང་སི་ཁྲོན།  བོད་ལྗོངས་བཅས་ལྗོངས་དང་ཞིང་ཆེན་གསུམ་གྱི་འཕེལ་རྒྱས་བརྟན་ལྷིང་ལ་སྔར་ལས་ལྷག་པའི་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུའི་བསམ་འདུན་བསྟན་པ་རེད།