ད་ལོར་བདེ་ཆེན་ཁུལ་གྱིས་འོས་འགན་སྡོང་རྐང་ཁྲི130འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


 


 


 

     ན་ནིང་གི་སྡོང་འཛུགས་ནགས་བསྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག    ད་ལོར་བདེ་ཆེན་ཁུལ་གྱི་དམངས་ཡོངས་ནས་འོས་འགན་སྡོང་ཕྲུག་རྐང་ཁྲི130འཛུགས་རྒྱུ་ཡིན་པ་དང་།   སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། 

    ད་ལོར་བདེ་ཆེན་ཁུལ་གྱི་དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་བྱེད་པའི་བྱེད་སྒོ་དེ་དུས་མཚམས་གཉིས་ལ་དབྱེ་ནས་སྒྲུབ་རྒྱུ་ཡིན་པ་དང་།ཟླ་ངོ་གཉིས་ཀྱི་དུས་ཚོད་རང་ངོས་ནས་གདམ་ག་བྱས་ཆོག   བདེ་ཆེན་ཉིན་རེའི་ཚགས་པར་ཁང་དང་ནགས་ཚལ་སྤྱི་བདེ་ཅུས་སོགས་ལས་ཁུངས་ཀྱིས་ཟླ4པའི་ཚེས14ཉིན་ལས་བྱེད་མི་སྣ་ཡོངས་རྩ་འཛུགས་བྱས་ནས་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་ཡོད།   ད་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྡོང་ཕྲུག་རྐང་ཁྲི50འཛུགས་རྒྱུ་ཡིན་པ་དང་།  བདེ་ཆེན་རྫོང་གིས་སྡོང་ཕྲུག་རྐང་ཁྲི35འཛུགས་པ།  འབའ་ལུང་རྫོང་གིས་སྡོང་ཕྲུག་རྐང་ཁྲི45འཛུགས་པའི་འཆར་གཞི་བཀོད་སྒྲིག་བྱས་ཡོད།   

 


 


 


 


 

     དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ཀྱི་དུས་ཚོད་ནི་ཟླ3པའི་ཟླ་སྟོད་ནས་ཟླ4པའི་ཟླ་དཀྱིལ་བར་ཡིན།    སྟོན་དུས་ཀྱི་འོས་འགན་ཤིང་འཛུགས་དུས་ཚོད་ནི་ཟླ7པའི་ཟླ་མཇུག་ནས་ཟླ8པའི་ཟླ་དཀྱིལ་བར་ཡིན།   ཤིང་འཛུགས་བྱ་ཡུལ་གཙོ་བོ་ནི་རྫོང་གསུམ་དང(གྲོང་ཁྱེར།)གསར་སྤེལ་ས་ཁུལ་གྱི་གྲོང་རྡལ་གྱི་རི་ངོས་ལྗང་བསྒྱུར་དང་།  འབྲི་ཆུའི་འགྲམ་རྒྱུད་དང་མཚེའུ་འགྲམ་རྒྱུད་སོགས་ནགས་བཟོ་བར་འཕྲོད་པའི་ས་ཆ་དང་།གཞན་གྲོང་གསེབ་སྔོ་ལྗང་ཅན་དང་།  སློབ་གྲྭ་སྔོ་ལྗང་ཅན།  ཤང་དང་གྲོང་རྡལ་གནས་སའི་ཁྲོམ་གཞུང་དང་རི་ངོས་སོགས་སྔོ་ལྗང་ཅན་དུ་བསྒྱུར་རྒྱུ་དེ་ཡིན།     

 


 


 

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནགས་སའི་ཆ་རྐྱེན་ལ་དམིགས་ནས་གཙོ་བོ་ཐང་ཤིང་དང་།རི་མཐོའི་ཐང་ཤིང་། ལྕང་མ།  གླ་ཚེར་སོགས་འཛུགས་རྒྱུ་རེད།  སེམས་ཀྱི་ཉི་ཟླའི་གྲོང་ཁུལ་ལས་ཁུངས་ཀྱིས་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་ཡུལ་གཙོ་བོ་ནི་རྒྱལ་ཐང་གྲོང་རྡལ་ནག་ཆུའི་འགྲམ་རྒྱུད་ཡིན་ལ།ལྕང་སྡོང་དང་། ཤིང་སོན་སོགས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ལས་ཅུས་ཀྱིས་གཅིག་གྱུར་ཐོག་མཁོ་འདོན་བྱེད་རྒྱུ་རེད།  འབའ་ལུང་རྫོང་གི་འོས་འགན་ཤིང་འཛུགས་དེ་གཙོ་བོ་གྲོང་ཁྱེར་དང་གྲོང་རྡལ་གྱི་རི་ངོས་དང་།གྲོང་རྡལ་གནས་ཡུལ་གྱི་ཆུ་བོ་དང་། འདམ་རྡོའི་ཆུ་རུད། རི་ཉིལ་སའི་དུམ་མཚམས།   གྲོང་གསེབ་ཀྱི་གཞུང་ལམ་སོགས་སྐྱེ་ཁམས་ཞན་པའི་ས་གནས་ཡིན།  བདེ་ཆེན་རྫོང་གི་འོས་འགན་ཤིང་འཛུགས་ཀྱི་གཙོ་གནད་ནི་གསོན་ཚད་འགན་ལེན་བྱ་རྒྱུ་དེ་ཡིན་པ་དང་།   ན་ནིང་སྐམ་པའི་ཤིང་སྡོང་བསྐྱར་འཛུགས་དང་གསར་དུ་བཙུགས་ནས་ཤིང་སྡོང་གསོན་ཚད་བརྒྱ་ཆའི་གྱ་ལྔ་ཡན་ཁག་ཐེག་བྱ་རྒྱུ་དེ་ཡིན།  གསར་སྤེལ་ས་ཁུལ་གྱི་འོས་འགན་ཤིང་འཛུགས་དེ་གཙོ་བོ་པིན་ཅང་ལམ་ཆེན་གྱི་ཉེ་འགྲམ་ཡིན་ལ་ལྕང་མའི་ཤིང་སྡོང་འཛུགས་རྒྱུ་ཡིན་ཞིང་།  མི་རེས་སྡོང་ཕྲུག3བཙུགས་ནས་གསོན་ཐུབ་པར་ཁག་ཐེག་བྱེད་དགོས།  

 


     འོས་འགན་ཤིང་འཛུགས་བྱས་ནས་ནགས་གསོའི་ལས་ཀར་ཕན་འབྲས་ཐོབ་པར་འགན་ལེན་བྱ་ཆེད།  རིམ་པ་ཁག་གི་ནགས་ལས་སྡེ་ཚན་གྱིས་ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ནས་ནགས་སྐྲུན་ཇུས་འགོད་དང་།ནགས་བཟོའི་ལག་རྩལ་མཛུབ་ཁྲིད་དང་སྤུས་ཚད་རྩིས་ལེན་བྱ་རྒྱུ་རེད། ཤིང་འཛུགས་ཡོ་བྱད་ཀྱི་འགྲོ་སོང་དང་།འགྲིམ་འགྲུལ་འགྲོ་སོང་།  དོ་དམ་གྲོན་དངུལ་སོགས་སྡེ་ཁག་རང་ངོས་ནས་འགན་འཁུར་དགོས།   སྡེ་ཁག་སོ་སོས་འགན་འཁྲིའི་གན་རྒྱ་འཇོག་དགོས་པ་དང་།  རང་གི་སྡོང་ཕྲུག་འཛུགས་སར་ལྟ་སྐུལ་དོ་དམ་དང་།  ཆུ་གཏོང་བ།  ལུད་རྫས་གཏོར་བ།   གསོ་སྐྱོང་བྱེད་པའི་ལས་ཀར་འགན་འཁུར་ནས་སྡོང་ཕྲུག་གསོན་ཐུབ་པར་འགན་ལེན་བྱ་དགོས།  ལོ་མཇུག་གི་ཞིབ་བཤེར་རྩིས་ལེན་ཚད་ལྡན་མ་བྱུང་ན་ལོ་རྗེས་མར་བསྐྱར་འཛུགས་བྱེད་དགོས།   སྡོང་འཛུགས་ནགས་སྐྲུན་ནང་ཞུགས་པའི་ལས་ཁུངས་ཀྱིས་ཤིང་སྡོང་གསོན་ཚད་བརྒྱ་ཆའི་གྱ་ལྔ་ཡན་ཁག་ཐེག་བྱེད་དགོས།