ཞོགས་པའི་ཉི་སེར་ཁྲོད་ཀྱི་གནས་ཆེན་ཁ་བ་དཀར་པོ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

གནས་རི་ཁ་བ་དཀར་པོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་ས་བབ་མཐོ་ཚད་སྨི་དྲུག་སྟོང་ཙམ་གྱི་གནས་སུ་ཆགས་ཡོད་ཅིང་། སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་གྲས་ཡིན།དེ་ལ་རི་རྩེ་མཐོན་པོ་བཅུ་གསུམ་ཡོད།རི་རྩེ་མཐོ་ཤོས་ཁ་བ་དཀར་པོའི་རྩེ་མོ་ལ་མཐོ་ཚད་སྨི་དྲུག་སྟོང་བདུན་བརྒྱ་བཞི་བཅུ་ཡོད་པ་རེད།བོད་མི་ཚོས་ཁ་བ་དཀར་པོའི་རི་རྩེ་རེ་རེས་ཡུལ་བྱེ་བྲག་ཅིག་ལ་མངའ་དབང་བསྒྱུར་བཞིན་ཡོད་པ་དང་།རི་རྩེ་ཁ་བ་དཀར་པོས་རང་བྱུང་ཁམས་ཀྱི་བྱ་དངོས་ཡོད་ཚད་ལ་མངའ་དབང་བསྒྱུར་ཡོད་པར་འདོད་ཀྱི་ཡོད།


   སེམས་ཀྱི་ཉི་ཟླའི་མཚན་སྙན་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས།  བདེ་ཆེན་ཡུལ་དུ་གནས་མཇལ་དང་ལྗོངས་རྒྱུར་ཡོང་བའི་ཕྱོགས་བཞིའི་སྐུ་མགྲོན་རྒྱུན་མ་ཆད་པར་ཡོད་ལ།ལྷག་པར་ལུག་ལོའི་དུས་ལ་ཁ་བ་དཀར་པོར་གནས་མཇལ་བྱེད་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་འཕར་གྱི་ཡོད།མཛེས་སྡུག་ལྡན་པའི་གངས་རི་འདིའི་ལམ་བར་ལ་སྔོ་ལྗང་ནགས་ཚལ་གྱིས་ཡོངས་སུ་བརྒྱན་པ་དང་། མཚམས་མཚམས་སུ་གྲོང་སྡེ་ཆགས་ནས་ཞིང་སའི་ནང་དུ་འབྲུ་རིགས་སྣ་ལྔའི་ལོ་ཏོག་གི་མགོ་ལྕོག་ལྡེམ་བཞིན་ཡོད། 


ཞོགས་པའི་ཉི་ཟེར་ཡོངས་སུ་ས་འཛིན་ཨ་མའི་པང་ལ་འཕྲོས་པ་ན། ཁ་བ་དཀར་པོའི་དབུ་ལ་གསེར་ཚོན་བྱུགས་པ་དང་འདྲ་བར་སེར་ལམ་ལམ་བྱེད་ཅིང་མཐོང་བ་ཙམ་གྱིས་ཡིད་ཀྱི་དང་བ་འདྲེན་པར་བྱེད། ཁ་བ་དཀར་པོར་གནས་མཇལ་དུ་འགྲོ་བའི་དུས་ཚིགས་བཟང་ཤོས་ནི་ཟླ་བཅུ་པ་ནས་ཕྱི་ལོའི་ཟླ་ལྔ་པའི་བར་ཡིན་པ་དང་།དེའི་རིང་གི་དུས་ཚོད་བཟང་ཤོས་ནི་ཟླ་བཅུ་པའི་ཟླ་མཇུག་ཡིན་ཏེ།སྐབས་དེར་ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞིའི་རྡུལ་དག་པ།མཐོང་སྣང་རབ་ཏུ་གསལ་བས་ཁ་བ་དཀར་པོའི་རི་རྩེ་ཐེངས་མང་བོར་མཇལ་ཐུབ་པ་ཡིན།

    ལོ་རེའི་ལོ་གསར་གྱི་སྐབས་སུ། དུས་སྐལ་འཛོམས་པ་ཡིན་ན་ཁྱིམ་མི་གང་བོར་ཁ་བ་དཀར་པོར་གནས་མཇལ་དང་བསང་མཆོད་བྱེད་དུ་འགྲོ་ལ། ཡིད་སེམས་གཙང་མའི་སྒོ་ནས་ལོ་གསར་པའི་ནང་དུ་འབྲུ་རིགས་སྣ་ལྔའི་འཕེལ་ཁ་དར་ཞིང་། མི་ལ་ན་ཚ་མེད་ཅིང་ཕྱུགས་ལ་གོད་ཁ་མེད་པ། འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་སྲོལ་ཡོད་པ་རེད།