རོལ་དབྱངས་མཁས་པ་འཛོམས་ནས་བྱིས་པའི་རོལ་མོ་གླེང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ2པའི་ཚེས16ཉིན།སྐབས་དང་པོའི་བདེ་ཆེན་ཁུལ་གྱི་གྲངས་ཉུང་མི་རིགས་རོལ་དབྱངས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་།མི་རིགས་རིག་གནས་རྒྱུན་འཛིན་གསར་གཏོད་སློབ་གྲྭར་བསྐྱོད་པའི་བགྲོ་གླེང་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བསྡུས་པ་རེད། 

        བགྲོ་གླེང་ཚོགས་འདུ་ནི་ཐོན་ཁུལ་ཨུ་དང་།ཁུལ་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་།ཁུལ་སློབ་གསོ་ཅུས།ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་སེམས་ཀྱི་ཉི་ཟླའི་བྱིས་གླུ་མཉམ་ལེན་ཚོགས་པ་དང་བོད་དབྱངས་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་སྒྲུབ་འགན་ཁས་ལེན་བྱས་ཡོད།  ཞིང་ཆེན་ཕྱི་ནང་ནས་ཡོང་བའི་རིགས་གཅིག་ མཁས་ཅན་དང་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད།བདེ་ཆེན་ཁུལ་གྱི་རིག་གནས་ལས་རིགས་ཁག་གི་ཆེད་མཁས་དང་གཞི་རིམ་སློབ་གྲྭའི་སློབ་གཙོ།ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་སོགས་ཁྱོན་བསྡོམས་མི70ལྷག་བགྲོ་གླེང་ཚོགས་འདུ་ནང་ཞུགས་ཡོད། 

  སེམས་ཀྱི་ཉི་ཟླ་བྱིས་གླུ་མཉམ་ལེན་ཚོགས་པའི་ཚོགས་གཙོ་ཝང་མེས་ལགས་ནས་རོལ་དབྱངས་ཀྱི་བག་ཆགས་ནི་བྱིས་པའི་སློབ་གསོ་ཐད་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་ཡིན་ཞིང་།ལོ་ཆུང་བྱིས་པ་རྣམས་ཀྱི་སྒྱུ་རྩལ་གྱི་བྱང་ཚད་དང་རོལ་དབྱངས་ཀྱི་མཛེས་དཔྱོད་ནུས་པ་ཇེ་མཐོར་གཏོང་ཐུབ་པ་མ་ཟད།  རོལ་དབྱངས་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་ད་དུང་གསར་གཏོད་རང་བཞིན་ཇེ་མཐོ་དང་།ཤེས་རིག་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་ཟེར་ལ། གཞན་བོད་དབྱངས་མཉམ་ལེན་ཚོགས་པའི་དུས་རིམ་རྗེས་མའི་ལས་ཀའི་འཆར་འགོད་ངོ་སྤྲོད་གནང་བ་རེད། 

 ཤེས་རྟོགས་བྱུང་བ་ལྟར་ན།སེམས་ཀྱི་ཉི་ཟླ་བོད་དབྱངས་བྱིས་གླུ་མཉམ་ལེན་ཚོགས་པ་ནི2015ལོའི་ཟླ12པར་བཙུགས་ཤིང་།  མིག་སྔར་སེམས་ཀྱི་ཉི་ཟླ་མི་རིགས་སློབ་ཆུང་དང་།ཉི་ཤར་སློབ་ཆུང་གཉིས་ཀྱི་གླུ་གཞས་མཉམ་ལེན་ཚོགས་པ་གཉིས་ཡོད།ཚོགས་པ་བཙུགས་ཚུན་ནས་པེ་ཅིང་གི་སྐབས་བཅུ་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་མཉམ་ལེན་དུས་ཆེན་དང་།2017ལོའི་པེ་ཅིང་བརྙན་འཕྲིན་ལས་ཁུངས་ཀྱི་གླུ་སྐད་དང་འཛུམ་མདངས་ཞེས་པའི་ལེ་ཚན།  2017ལོའི་བདེ་ཆེན་ཁུལ་བོད་ལོ་གསར་གྱི་ལེ་ཚན་ལ་ཞུགས་ནས་བརྙན་ཕབ་བྱས་ཡོད་པ་སོགས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག་བདེ་ཆེན་ཁུལ་ནང་དུ་དགའ་བསུ་ཐོབ་ཤོས་ཆེ་བའི་གླུ་གཞས་མཉམ་ལེན་ཚོགས་པ་གཉིས་ལ་གྱུར་ཡོད།