སྐྱེ་ཁམས་དང་རིག་གནས་ཟུང་འབྲེལ་བྱེད་པའི་མྱི་ཟུར་གྱི་དུས་ཆེན།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སྔ་མར་མྱི་ཟུར་ནི་མིའི་བརྩི་བཐོང་བྱེད་རིན་མེད་པའི་ས་ཆ་ཞིག་ཡིན་པ་སྟེ།ཡུལ་གབ་ཡང་ཞེས་འབོད་སྲོལ་ཡོད་པ་དང་།ད་ལྟར་མྱི་ཟུར་ནི་ཡུན་ནན་ཞིང་ཆེན་གྱི་རིམ་པའི་སྐྱེ་ཁམས་རིག་གནས་དཔེ་སྟོན་གྲོང་ཚོ་ཡིན་པ་མ་ཟད།ད་དུང་འཛམ་གླིང་གི་སྐྱེ་ཁམས་བཟང་བའི་གྲོང་ཚོ་དང་པོ་ཡིན་པ་རེད།

   གཙང་གསུམ་གཤིབ་རྒྱུག་ཅེས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་དུ་གནས་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་མྱི་ཟུར་གྲོང་ཚོ་དེ་སྔོན་མི་ཚོས་ཡུལ་གབ་ཞེས་འབོད་ཀྱི་ཡོད།ད་ཆ་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་འཛམ་གླིང་གི་སྐྱེ་ཁམས་བཟང་བའི་གྲོང་ཚོ་དང་པོ་ཞེས་འབོད་ཀྱི་ཡོད།

   ཡུན་ནན་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་བདེ་ཆེན་ཁུལ་གྱིས་1999ལོ་ནས་2003ལོའི་བར་གཙང་གསུམ་གཤིབ་རྒྱུག་ཞེས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་བདེ་ཆེན་ཡུག་ཁུལ་གྱི་ཤུལ་བཞག་འདུན་ཞུའི་ལས་དོན་སྤེལ་སྐབས་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་མྱི་ཟུར་ས་ཆར་དངོས་སུ་རྟོག་ཞིབ་ཐེངས་གསུམ་བྱས་པ་རེད།

དེ་སྔོན་མྱི་ཟུར་བས་མཐའ་འཁོར་དུ་རིས་སྐོར་བའི་ནགས་ཚལ་སྟུག་པའི་ཁྲོད་དུ་ཤོག་ཁ་བྱས་ནས་འཚོ་སྡོད་བྱེད་པས་ཕྱིར་གོ་རྒྱུ་ཚོར་རྒྱུ་མེད།དེ་རྗེས་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་སྲིད་གཞུང་གིས་མྱི་ཟུར་རུ་སློབ་གྲྭ་བཙུགས་ནས་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་འགྲོ་བདེ་ཡོང་བ་བྱས་ཏེ་མྱི་ཟུར་བར་བློ་རིག་འབྱེད་པའི་གསེར་གྱི་ལྡེ་མིག་ཅིག་སྦྱིན་པ་དང་།གྲོང་ཚོ་ཡོངས་ཀྱི་དུད་ཚང་དེ་སྔོན་གྱི་དུད་ཚང་གསུམ་ནས་ད་ཆའི་དུད་ཚང་108བར་མང་དུ་སོང་བ་དང་། མི་འབོར་དེ་སྔའི་བཅུ་གྲངས་ནས་ད་ཆའི་650ཙམ་བར་མང་དུ་སོང་ཡོད་ཅིང་།དེའི་ནང་ནས་ཕྱེད་ཀས་འབྲོག་ལས་བྱས་ནས་ལོ་ལྟར་མི་རྣམས་དགའ་འོས་པའི་ཐོན་ལེགས་བྱུང་སྟེ་ཞིང་ཆེན་ཕྱི་ནང་ཚང་མར་སྐད་གྲགས་ཆོད་པ་དང་དེ་བྱིངས་ཀྱི་ཕྱེད་ཀས་ཞིང་ལས་བྱས་ནས་འབྲུ་རིགས་རང་མཁོ་རང་སྤྲོད་ཐུབ་ཀྱི་ཡོད།

གྲོང་མིའི་སྤྱིའི་རིག་གནས་བྱང་ཚད་ཀྱང་མཐོ་རུ་སོང་བ་དང་ལོ་50མན་ནས་ལོ་དྲུག་གི་འོས་འགན་སློབ་གསོ་དང་ལེན་ཞུ་མཁན་དེ་དག་གིས་གྲོང་ཚོ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་80%ཙམ་བཟུང་ནས་མྱི་ཟུར་གྲོང་ཚོའི་དཔལ་འབྱོར་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ཏུ་གྱུར་བ་དང་།ལ་ལ་ཕྱུགས་རིགས་ཀྱི་ཆེད་ལས་འཇོན་ཐང་པར་གྱུར་བ་དང་ལ་ལ་གྲོང་ཚོ་དེ་ཡོངས་ཀྱི་སྒོར་ཁྲི་100ལོན་པའི་དུད་ཚང་དུ་གྱུར་ཡོད་པ་རེད། 

ས་གཞི་དེའི་ཐོག་དུས་ཆེན་གྱི་རིག་གནས་ལ་དེ་བས་ས་ཁོངས་རང་བཞིན་དང་མི་རིགས་རང་བཞིན་ལྡན་པ་དང་།མྱི་ཟུར་རུ་གཟབ་རྒྱས་ཆེ་ཤོས་ཀྱི་དུས་ཆེན་གསུམ་ཡོད་པ་སྟེ།ལོ་གསར་དང་། རི་སྐྱབས་རྟ་རྒྱུག བདུན་པ་བཅས་ཡིན་པ་རེད།དུས་ཆེན་དེ་དག་ནང་དུ་སྐྱེ་ཁམས་རིག་གནས་དང་དད་གུས་རིག་གནས་དེ་གཙོ་བོ་ཡིན་པ་སྟེ།དུས་ཆེན་གྱི་ནང་དོན་དང་རྣམ་པ་སོགས་ནས་མཚོན་ཐུབ་རྒྱུ་ཡོད་པ་རེད།

   ལོ་གསར་ནི་དེ་དག་ནང་ནས་དུས་ཚོད་རིང་ཤོས་ཀྱི་དུས་ཆེན་ཞིག་ཡིན་པ་དང་།དཔྱིད་གསར་དུས་ཆེན་ཉིན་བཅོ་ལྔར་གཏོང་གི་ཡོད་པ་དེ་བོད་ཀྱི་ལོ་གསར་དང་གཅིག་པ་ཡིན་ཞིང་།བསང་གཏོང་བ་ནི་མྱི་ཟུར་ལོ་གསར་གྱི་གལ་ཆེའི་ནང་དོན་ཡིན་པ་དང་།ལོ་གསར་ཚེས་གཅིག་ཉིན་ཉུང་མཐར་ཡང་བསང་ཐེངས་4གཏོང་གི་ཡོད་པ་སྟེ།ཞོགས་པ་ནས་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་བར་དུ་གོང་ཁྱིམ་ནང་ནས་གཞི་བདག་བར་བསང་དུད་ཀྱིས་ཁེངས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རིག་གནས་སྙིང་དོན་འདུས་ཡོད།མྱི་ཟུར་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་མཉམ་དུ་བཏང་གི་ཡོད་པས་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན་གཉེན་ཉེ་གྲོགས་པོ་མཉམ་འཛོམས་བྱེད་པ་དང་།སྒོར་བྲོ་འཁྲབ་པ།ལན་ཆིའུ་སྤོ་ལོ་རྒྱག་པ།མྱེ་མདའ་རྒྱག་པ།རྟ་རྒྱུག་པ་སོགས་ཡོད་ཅིང་།ད་ཆ་དུས་ཆེན་གཏོང་སྐབས་སྣ་མང་ཕུན་སུམ་ཚོགས་པའི་རོལ་རྩེད་བྱེད་སྒོ་སྤེལ་རྒྱུར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད།ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བ་དང་ཆབས་ཅིག་མི་རིགས་ཀྱི་རིག་གནས་སྔོག་འདོན་དང་གསར་སྤེལ་བྱ་ཤུགས་ཆེ་རུ་སོང་ཡོད་པ་རེད།

   བོད་ཟླ་7པའི་ཚེས་15ཉིན་གྱི་མྱི་ཟུར་གྱི་བདུན་པའི་དུས་ཆེན་ཡིན་ཞིང་།དུས་ཆེན་དེ་ནི་བོད་ལྗོངས་ཀྱི་འོང་སྐོར་དང་འབྱུང་རྐྱེན་གཅིག་པ་ཡིན།དུས་ཆེན་འཆར་རིམ་བཞིན་མྱི་ཟུར་གྱི་བདུན་པར་ཕོ་མོ་རྒན་གཞོན་ཚང་མས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་ཡུལ་ལྷ་གཞི་བདག་ལ་གསོལ་ནས་ལོ་ཕྱུགས་རྟག་ཏུ་ལེགས་པོ་ཡོང་བའི་སྨོན་ལམ་འདེབས་པ་དང་ཐུན་མོང་གིས་མ་ཎི་འདོན་པ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད།གཞན་ཡང་ད་དུང་གླང་འཛིང་དང་།རྟ་རྒྱུག རྡོ་འགྱོགས། འབེན་རྒྱག་པ།སྒོར་བྲོ་འཁྲབ་པ་སོགས་རོལ་རྩེད་བྱེད་སྒོ་སྤེལ་བ་དང་འབྲེལ་དལ་ཁོམ་དུས་སུ་ད་དུང་གཉེན་ཉེ་གྲོགས་པོ་དང་འཛོམས་ནས་དུས་ཆེན་འཁྲུག་པོ་ཞིག་བཏང་གི་ཡོད་པ་རེད།

     ཉེ་བའི་ལོ་ཤས་ནང་མྱི་ཟུར་བས་ལོ་གསར་དང་བདུན་པ་བཏང་བ་ཕུད་ལོ་40ཙམ་གཉེར་མཚམས་བཞག་པའི་སྲོལ་རྒྱུན་གྱི་རི་སྐྱབས་རྟ་རྒྱུག་སླར་ཡང་བཏང་ནས་ཡུལ་སྐོར་བ་དེ་བས་མང་བ་མྱི་ཟུར་རུ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འཕྲོག་པ་བྱས་ཏེ་ཡུལ་སྐོར་བར་མི་རིགས་དུས་ཆེན་རིག་གནས་ཀྱི་ཉམས་འགྱུར་མྱོང་དུ་བཅུག་གི་ཡོད་པ་རེད།

     རི་སྐྱབས་རྟ་རྒྱུག་ནི་རྟ་རྒྱུགས་པའི་ཚུལ་གྱིས་རི་སྐྱབས་པའི་དུས་ཆེན་ཞིག་ཡིན་པ་དང་། ལོ་རེའི་བོད་ཟླ་10པའི་ཚེས་15ཉིན་དུས་ཆེན་དེ་གཏོང་སྲོལ་ཡོད།གྲོང་སྡེ་ཡོངས་ཀྱི་ཕོ་མོ་རྒན་གཞོན་རྣམས་གཟབ་རྒྱན་སྤྲས་ནས་སྲོལ་རྒྱུན་གྱི་དུས་ཆེན་ལ་ཞུགས་པ་མ་ཟད།ད་དུང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་སྙན་གྲགས་ལ་ཡིད་སྨོན་ནས་ས་འདིར་ཡོང་བ་རེད།རི་སྐྱབས་རྟ་རྒྱུགས་ལ་བསང་བཏང་བ་དང་།རྟ་རྒྱུགས་བ།སྐོར་བྲོ་འཁྲབ་པ་སོགས་ཀྱི་ནང་དོན་ཡོད་པ་མ་ཟད།ད་དུང་གྲོང་སྡེའི་ཡུལ་མི་རྣམས་ཀྱིས་མཉམ་དུ་ཟས་བཟོས་ནས་ཐུན་མོང་གིས་ཟ་མ་བཟའ་བ་རེད།

 ད་ཆ་མྱི་ཟུར་གྱི་བོད་ཀྱི་སྲོལ་རྒྱུན་དུས་ཆེན་གཏོང་བ་ཕུད་ད་དུང་དཔྱིད་གསར་དུས་ཆེན་དང་།གནམ་ལོ་གསར་ཚེས།དབྱིས་རིགས་ཀྱི་དཔལ་འབར་དུས་ཆེན།རྒྱལ་སྟོན་དུས་ཆེན།བུད་མེད་དུས་ཆེན།རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སོགས་བཏང་གི་ཡོད།

     ད་ཆ་དུས་ཆེན་གྱི་རིག་གནས་དེ་མྱི་ཟུར་གྱི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་ཞིག་ཏུ་གྱུར་ཡོད་པ་དང་།དུས་ཆེན་གྱི་བྱེད་སྒོ་སྤེལ་ནས་མྱི་ཟུར་གྱི་སྐྱེ་ཁམས་ཀྱི་རིག་གནས་དང་དུས་ཆེན་གྱི་རིག་གནས་སོགས་ཀྱི་སྐད་གྲགས་རྒྱལ་ཕྱི་ནང་དུ་ཁྱབ་བསྒྲགས་བཏང་ཡོད་པ་རེད།