རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
2015ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གཟའ་འཁོར་ནང་བདེ་ཆེན་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི25.93སྣེ་ལེན་བྱས་ཤིང་། ན་ནིང་གི་དུས་མཚུངས་ལས22.25%འཕར་བ། ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.38ཟིན་ཡོད་དེ་དུས་མཚུངས་ལས18.6%འཕར་ཡོད།
ཤེས་གསལ་བྱུང་དོན། ལོ་གསར་གྱི་བར་སྐབས་སུ་བདེ་ཆེན་ཁུལ་གྱི་ཡུལ་སྐོར་སྣེ་ལེན་བྱེད་པའི་རྣམ་གྲངས་ཚང་མ་དུས་མཚུངས་ལས་འབོར་ཆེན་ངང་མཐོ་རུ་འཕར་ཡོད་ལ། རྒྱང་རིང་བའི་ཡུལ་སྐོར་བ་ཉུང་ཞིང་གཙོ་བོ་ནི་ཉེ་ས་རང་ཉིད་ཀྱིས་རླངས་འཁོར་གཏོང་བའི་ཡུལ་སྐོར་སྤྲོ་གསེང་གཏོང་མཁན་ཡིན། ལྗོངས་ཁུལ་སོ་སོའི་ནང་ལ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས18860སྣེ་ལེན་བྱས་པ་དང་། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས33892སྣེ་ལེན་བྱས་པ། སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས13720སྣེ་ལེན་བྱས་པ། ཤྭ་ཁ་གངས་རི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་7430སྣེ་ལེན་བྱས་པ་རེད།
ཡུན་རིང་པོ་ཞིག་ནང་ལ་ཁུལ་ཨུའི་དང་ཁུལ་སྲིད་གཞུང་གིས་ལོ་གསར་གུང་གསེང་ནང་གི་ཡུལ་སྐོར་སྤྲོ་གསེང་ལ་བདེ་ཆེན་གྱི“དགུན་ཁའི་ཡུལ་སྐོར་གནས་མཆོག”གི་སྤུས་རྟགས་མཐོ་རུ་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཏུ་རྩིས་ཏེ། འགོ་ཁྲིད་ཤུགས་ཆེར་གཏོང་བ་དང་། རྩ་འཛུགས་ནན་པོ་བྱེད་པ། བཀོད་སྒྲིག་ཏན་ཏིག་བྱེད་ཅིང་ཤུགས་གང་ཡོད་བཏོན་པས་ལག་བསྟར་བྱས་ནས་ཡུལ་སྐོར་སྣེ་ལེན་ཡག་པོ་བྱེད་པ། གཅིག་ནས་རིམ་པ་ཁག་གི་སྲིད་གཞུང་དང་། གུང་གསེང་གི་གཞུང་ལས་ཁང་། གུང་གསེང་གི་ཡུལ་སྐོར་ཁོངས་གཏོགས་ལས་ཁུངས། ཡུལ་སྐོར་མཐུན་ཚོགས་དང་ཁེ་ལས་སོ་སོས་ཏན་ཏིག་ངང་བཀོད་སྒྲིག་བྱེད་དེ་ལས་འགན་དོན་དུ་འཁྱོལ་བ། གཉིས་ནས་གོམ་གང་མདུན་སྤོས་ཀྱིས་གུང་གསེང་གི་ཡུལ་སྐོར་མཉམ་འབྲེལ་སྒྲིག་གཞི་འཐུས་ཚང་དུ་གཏོང་སྟེ། ཞུ་གཏུག་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱེད་ཅིང་ཆུ་ཚོད24ཡི་ལས་རེས་ལམ་ལུགས་འཛུགས་པ། གསུམ་ནས་གུང་གསེང་གི་ཡུལ་སྐོར་ལས་ཁུངས་སོ་སོ་མཉམ་ལས་བྱས་ནས་དུས་ཆེན་སྔོན་དུ་ཡུལ་སྐོར་ལས་རིགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ལེགས་སྒྲིག་བྱེད་པ་མ་ཟད་གུང་གསེང་ནང་གི་མཁོ་བསྟུན་བདག་སྐྱོང་འཆར་གཞི་དང་སྣེ་ལེན་ལས་ཀའི་འཆར་གཞི་འགོད་དེ་ཕྱོགས་ཡོངས་ཀྱི་ལྟ་སྐུལ་ཚོད་འཛིན་ལག་བསྟར་བྱེད། སྤྱི་བདེ་དང་། འགྲིམ་འགྲུལ་ཉེན་རྟོག ནགས་ཚལ་ཉེན་རྟོག འགྲིམ་འགྲུལ་སྐྱེལ་འདྲེན། གཞུང་ལམ་སོགས་སྡེ་ཁག་གིས་ནུས་ཤུགས་གང་ཡོད་བཏོན་ནས་སྤྱི་ཚོགས་བདེ་འཇགས་དང་འགྲིམ་འགྲུལ་བདེ་འཇགས་སོགས་ལས་ཀ་ཡག་པོ་སྒྲུབ་པ་རེད།
ལོ་གསར་གྱི་སྐབས་སུ་ལྗོངས་ཁུལ་སོ་སོས་དམངས་སྲོལ་དང་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་གྲོང་མི་དང་ཡུལ་སྐོར་བའི་སེམས་འགུག་པ། སེམས་ཀྱི་ཉི་ཟླ་རྫོང་ཟླ་འོད་ཐང་ཆེན་དུ“དགའ་སྐྱིད་ལྡན་པའི་ཤམ་བྷ་ལའི”འཁྲབ་ཚན་ཕུན་སུམ་ཚོགས་པ་མ་ཟད། ཤང་དང་གྲོང་རྡལ་སོ་སོའི་དམངས་ཁྲོད་སྒྱུ་རྩལ་གྱི་འཁྲབ་སྟོན་རྣམ་པ་རྒྱས་པོ་ཡོད་པ་ཡུལ་སྐོར་བ་ཚང་མ་མི་རིགས་ས་ཁུལ་གྱི་ལོ་གསར་གཏོང་བའི་ཉམས་འགྱུར་ལོངས་སྤྱོད་བྱེད་ཐུབ་པ། གུང་གསེང་གཞུང་ལས་ཁང་གིས་ཆུ་ཚོད24ཡི་ལས་རེས་རྒྱུན་འཁྱོངས་བྱས་ནས་ཡུལ་སྐོར་ཚོང་རའི་སྒྲིག་གཞི་ལེགས་པོར་ཆགས་ཏེ་ཞུ་གཏུག་ཚབས་ཆེན་བྱུང་མེད་པ་རེད།