གངས་རྗེས་ཀྱི་རྒྱལ་ཐང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

      ཟླ12པའི་ཚེས27ཉིན་གྱི་དགོང་མོར་བདེ་ཆེན་མཐོ་སྒང་གི་ཡུལ་དུ་བཀྲ་ཤིས་པའི་ཁ་བ་དང་པོ་བབས།ས་གཞི་དང་རི་རབ།   ཤིང་སྡོང་སྣ་ཚོགས་ཀྱིས་དར་དཀར་གྱི་ལྭ་བ་བཀླུབས་པ་དང་འདྲ་བར་ཡུལ་ལུང་ཀུན་ལ་སྔར་ལས་ལྟ་ན་སྡུག་པའི་མཛེས་པ་མི་གཅིག་པ་ཞིག་བསྣན་ཡོད།   ལྷག་པར་ཉི་འོད་ཀྱི་འོག་ན་མཐོ་སྒང་གི་ཡུལ་གྲུ་འདི་ལ་བཀྲག་མདངས་དང་གསོན་ཤུགས་གསར་བ་ཞིག་རྒྱས་འདུག  

      ལོ་ན་ཆུང་བའི་དུས་སུ།   ཁ་བ་འབབ་ཐེངས་རེར་གངས་རྩེད་བྱེད་པ་དང་། གངས་ཤུད་དར་འགྱེད་རྩེས་པ།  ཡང་ན་གངས་ཀྱི་མི་བཟོས་ནས་བཟོ་ལྟ་སྣ་ཚོགས་མངོན་དུ་འཇུག་པ་སོགས་དགུན་དུས་གངས་ཀྱི་རྩེད་མོ་སྣ་ཚོགས་ཤིག་རྩེས་ཆོག་པ་དང་།  རིམ་བཞིན་ནར་སོན་པ་དང་བསྟུན་ནས་རོལ་རྩེད་འདི་དག་ལ་རིམ་བཞིན་རྒྱང་བཀྱེད་བྱེད་མགོ་བརྩམས།       རྒྱལ་ཐང་དུ་དགུན་གྱི་ཁ་བ་དང་པོ་བབས་པས་མི་རྣམས་ཀྱི་སེམས་ཁམས་ལ་བདེ་སྣང་སྐྱིད་པོ་ཞིག་གནང་འདུག  སྔ་ཉིན་གྱི་དགོང་མོའི་དུས་སུ་ཁ་བ་ཐར་ཐོར་བབས་ཤིང་།  ཡུན་རིང་ཁ་བ་མ་བབས་པས་ཁ་བའི་ཟེགས་མ་ཐང་ལ་འཕྱོ་བ་མཐོང་དུས་བྱིས་པ་འགའ་ནི་དགའ་སྤྲོས་ཤིན་ཏུ་མྱོས་ཏེ་ཡར་རྒྱུག་མར་རྒྱུག་བྱེད་ཞོར།  ཁ་ནས་ཁ་བ་བབས་བྱུང་ཁ་བ་བབས་བྱུང་ཞེས་ཕར་འགྲོ་ཚུར་ཡོང་བྱེད་པའི་མི་རྣམས་ལ་གསལ་བསྒྲགས་བྱེད་པ་དང་།   ངོ་མཚར་བའི་སྒོ་ནས་ལག་པ་གཉིས་བསྲིངས་ཏེ་ཁ་བ་རང་གི་ལག་པའི་ནང་དུ་འབབ་པར་བྱེད།ཡང་ལག་པས་ཁ་བ་རིལ་རིལ་བྱས་ནས་ཕར་རྒྱག་མར་རྒྱག་བྱེད་པ་དང་།  མཚམས་རེར་འདར་ཟིག་ཟིག་བྱེད་བཞིན་ལག་པ་གཉིས་ཕུར་ཕུར་བྱེད་ནས་དྲོད་གསོ་བ་སོགས་བྱེད།བལྟས་བལྟས་རིག་རིག་ལ་མདུན་ཕྱོགས་ཀྱི་རི་བོའི་རྩེ་མོར་གངས་དཀར་གྱིས་གཡོགས་པ་དང་།  ཁ་བ་ཐེངས་གཅིག་བབས་ན་རྡུལ་ཕྲན་མར་མནན་ནས་ཆམ་པ་དྲག་བསྐྱེད་དང་མཁའ་དབུགས་གཙང་བཟོ་བྱེད་པར་ཡང་ཕན་པ་ངེས་ཅན་ཡོད།    

      ཞོགས་པར་མལ་ལས་ལངས་ཏེ་ལས་ཁུངས་སུ་འགྲོ་བའི་ལམ་ཁ་རུ་མི་རྣམས་ཀྱིས་གངས་ཀྱི་མི་དང་མཆོད་རྟེན་སོགས་གཟུགས་དབྱིབས་སྣ་མ་སྣ་ཚོགས་ཀྱི་སྣང་བརྙན་བཟོ་བཞིན་ཡོད་པ་མཐོང་ཞིང་།  ཡང་ན་གཞོན་རེ་འགས་ཕན་ཚུན་ལ་གངས་རྩེད་བྱེད་ཀྱི་འདུག      ཉིན་གོང་གི་ངལ་གསོའི་དུས་ཚོད་ཐོན་པ་ན།   རྫོང་པ་ནགས་ལྕོག་རི་བོའི་འདབས་སུ་གངས་རྗེས་ཀྱི་མཛེས་ལྗོངས་ལ་ལྟད་མོ་བལྟ་མཁན་ཤིན་ཏུ་མང་ལ།    པར་བ་རེ་འགས་ལག་པ་པར་ཆས་བཟུང་ནས་ཁ་ཕར་འཁོར་ཚུར་འཁོར་བྱེད་བཞིན་འཚུབ་ཆ་དང་ལྡན་པའི་སྒོ་ནས་ཡུལ་ལྗོངས་ཀྱི་བཞིན་རས་གསར་བ་པར་རྒྱག་པར་བྲེལ་གྱི་འདུག  

      ཁ་བ་ཐེངས་གཅིག་བབས་པ་ན།  གྲོགས་པོ་ཚང་མའི་སྐད་འཕྲིན་དང་པོད་འཕྲིན་གྱི་སྒང་དུ་ཁ་བ་བབས་པའི་པར་རིས་སྣ་ཚོགས་བསྐུར་ཡོད་ལ།  འདིས་ཀྱང་མི་རྣམས་ཀྱིས་ཁ་བ་ལ་བརྩེ་ཞེན་ཟབ་མོ་ཞིག་དང་རེ་སྒུག་རྣམ་དག་ཅིག་བཅངས་ཡོད་པ་ཤེས་ཐུབ།དགུན་གྱི་དུས་ནི་གྲང་ངར་ཆེ་ན་ཡང་མི་རྣམས་ཀྱིས་སྔར་བཞིན་དགུན་གྱིས་འཁྱེར་ཡོང་བའི་དྲོད་སྣང་དང་བདེ་སྐྱིད་སྣ་ཚོགས་རོལ་མྱོང་བྱེད་བཞིན་ཡོད།  བདེ་ཆེན་མཐོ་སྒང་གི་མཛེས་པས་ཁྱེད་ལ་བརྗེད་དཀའ་བའི་དྲན་སྣང་གང་མང་སྟེར།  ཕྱོགས་བཞིའི་མགྲོན་པོ་རྣམས་རྒྱལ་ཐང་དུ་ཕེབས་པར་ལྷག་བསམ་རྣམ་དག་གི་དགའ་བསུ་ཞུ།