དགའ་སྤྲོ་རབ་ཏུ་འཁོལ་བའི་བོད་པའི་སྤྲོ་སྐྱིད་ཁང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


ཡུལ་སྐོར་འགྲུལ་པས་བློ་བཟང་ཉི་མ་བོད་པའི་སྤྲོ་སྐྱིད་ཁང་དུ་བོད་ཀྱི་རིག་གནས་ལ་མྱོང་ཚུར་བྱེད་བཞིན་པ།(ཧྲི་ཞན་ཡའོ་ཡིས་པར་བླངས།)

 

       ཟླ10པའི་ཚེས་4ཉིན་གྱི་ཕྱི་དྲོ།ལོ་ན་71ལོན་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས་ལག་ལ་དར་དཀར་པོ་ཁྱེར་ནས་སྒོ་ཁར་རྒྱལ་སྟོན་དུས་ཆེན་སྐབས་ཁོང་ཚང་ལ་བོད་པའི་སྤྲོ་སྐྱིད་ཁང་མྱོང་ཚུར་བྱེད་དུ་ཡོང་བའི་ཡུལ་སྐོར་འགྲུལ་པ་འབོར་ཐེངས་བཞི་པ་བསུ་བ་རེད།ཉིན་བསྟུད་མར།མཚན་དགོང་རེ་རེར་ཁོང་ཚང་ལ་བོད་པའི་སྤྲོ་སྐྱིད་ཁང་མྱོང་ཚུར་བྱེད་དུ་ཡོང་བའི་འགྲུལ་པ་ཧང་ཅང་མང་པོ་འབྱོར་ཡོད་དེ།ཉིན་དེར་ཡོང་བའི་འགྲུལ་པ་མི་གྲངས་300ལྷག་བསྡོམས་ཏེ་རྩིས་ན།རྒྱལ་སྟོན་དུས་ཆེན་སྐབས་སུ་ཁོང་ཚང་གིས་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་འགྲུལ་པ་མི་གྲངས་1500ལྷག་སྣེ་ལེན་ཞུས་ཡོད།
       བློ་བཟང་ཉི་མའི་བོད་པའི་སྤྲོ་སྐྱིད་ཁང་ནི་སེམས་ཀྱི་ཉི་ཟླ་རྫོང་མཁར་མཁའ་འགྲོ་ལམ་ཆེན་གྱི་འགྲམ་དུ་གནས་ཡོད།ཉིན་ལྟར།བདག་པོ་བཀྲ་ཤིས་ཕུན་ཚོགས་སྒོ་ཆེན་ཁར་ལངས་ནས་དེར་ཡོང་བའི་ཡུལ་སྐོར་འགྲུལ་པར་ཁ་བཏགས་འབུལ་བ་དང་།ཁོང་གི་བུ་མོ་གཞོགས་སུ་ལངས་ནས་འགྲུལ་པ་ལ་ཞིམ་མངར་གྱི་ཨ་རག་འབུལ་རྒྱུ་རེད།འགྲུལ་པ་ཚོ་བཞུགས་ཁྲིར་བཞུགས་རྗེས་ཞབས་འདེགས་པས་ཚ་རླངས་ལྡང་བའི་ཇ་བསྲུབས་མ་དང་།ནས་ཀྱི་རྩམ་པ།སྣུམ་བཙོས་རྩིབ་ཤ་སོགས་འདྲེན་རྒྱུ་ཡིན་ཞིང་།ནས་རག་ནི་འགྲུལ་པ་ཚོས་གང་མོས་འཐུང་ཆོག   འགྲུལ་པ་ཚོས་ལྷན་དུ་འཛོམས་རྗེས།བོད་པའི་ཕོ་གསར་དང་མོ་གསར་གྱིས་རྒྱང་རིང་ནས་ཡོང་བའི་འགྲུལ་པ་ཚོ་ལ་གླུ་གར་དང་ཁ་བཏགས་འབུལ་རྒྱུ་རེད།
        འདིར་འགྲུལ་པ་ཚོས་རོ་བཅུད་ལྡན་པའི་ར་ལུག་ཤ་བསྲེགས་མ་དང་བེའུ་ཡི་ཤ་བསྲེགས་མ་སོགས་བོད་པའི་ཁྱད་ཆོས་ལྡན་པའི་ཞིམ་ཟས་མྱོང་ཆོག་པ་མ་ཟད།ད་དུང་སེམས་ཀྱི་ཉི་ཟླའི་ཆེས་འཐུས་ཚབ་རང་བཞིན་ལྡན་པའི་རྒྱལ་ཐང་སྒོར་བྲོ་དང་ཉི་ཤར་ཚ་འཁྲབ།མཐའ་ཆུའི་རས་པ།འཇོལ་པའི་གཞས་དང་གཡག་འཁྲབ་སོགས་ཀྱི་འཁྲབ་ཚན་ལ་ལྟད་མོ་བལྟ་ཆོག   འཁྲབ་ཚན་བཀོད་སྒྲིག་ཐོག་ད་དུང་འགྲུལ་པའང་སྐབས་ཐོག་ནང་དུ་ཞུགས་ནས་མཉམ་དུ་བྲོ་འཁྲབ་པ་དང་།མཉམ་དུ་གླུ་ལེན་པ།ཨ་རག་འཐུང་བ་སོགས་བྱེད་ཆོག་པས།ལྷན་རྒྱས་ནས་སྣང་བ་སྐྱིད་པོའི་ངང་ནས་བོད་པའི་སྤྲོ་སྐྱིད་ཁང་དུ་བརྗེད་པར་དཀའ་བའི་མཚན་མོ་ཞིག་མཉམ་སྐྱེལ་བྱེད་པ་རེད།དུས་ཚོད་ཆུ་ཚོད་2ཀྱི་ནང་དུ།འགྲུལ་པ་ཚོས་བོད་རིགས་ཀྱི་སྡོད་གནས་དང་བོད་རིགས་ཀྱི་འཚོ་བ་ལ་ཤེས་རྒྱུས་ལོན་ཐུབ་པ་མ་ཟད།ད་དུང་བོད་རིགས་ཀྱི་གླུ་གར་དང་སེམས་ཀྱི་ཉི་ཟླའི་ཞིམ་ཟས་མྱོང་ཆོག