བོད་ཀྱི་རྟ་ཆས་རིག་གནས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་རྟ་ཡིས་མངའ་ཁོངས་སྲུང་སྐྱོང་བྱེད་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་པའི་ནང་བླ་ན་མེད་པའི་བྱས་རྗེས་བཞག་ཡོད།ལྷག་དོན་དུ་བོད་མི་རིགས་ནི་རྟ་ཐོག་གི་མི་རིགས་ཤིག་ཡིན་ཞེས་པ་ལྟར་རང་རེའི་མེས་པོ་ཚོས་རྟ་ཕོར་བརྟེན་ནས་གཅིག་གྱུར་གྱི་སྲིད་དབང་བཙུགས་པ་དང་།རྟ་ཕོར་བརྟེན་ནས་རྒྱ་ཇ་བོད་དུ་དྲངས་པ།རྟ་ཕོར་བརྟེན་ནས་གཡང་གཟར་གྱི་ལམ་འཕྲང་སྒྲོལ་བ།ཡང་རྟ་ཕོར་བརྟེན་ནས་ས་མཐོའི་དམིགས་བསལ་གྱི་རིག་གནས་བཅས་བཏོད་ཡོད། 

    དུས་རབས་མང་པོའི་ནང་རྟ་ཕོའི་སྙན་པ་དགུང་དུ་ཆོད་པ་ལྟར་རྟ་ཆས་རིག་གནས་ཀྱང་ཕུན་སུམ་ཚོགས་པོ་དར་ཡོད་པས་འདི་གར་རྟ་ཆས་གལ་ཆེ་རིགས་འགའ་ཞིག་ལ་ལྟ་ཙམ་བྱེད་པ་ནི་དམིགས་བསལ་རིག་གནས་དེར་ཡི་རངས་ཆེན་པོས་ཕྱིར་མིག་བལྟས་པ་ཙམ་ཞིག་ཡིན་ཞིང་།རྟ་ཆས་ཀྱི་གཙོ་བོ་ནི་སྒ་དང་།སྲབ། ཡོབ་བཅས་ཡིན། 

        རྟ་སྒ་ནི་རྟ་ལ་བཅིབས་སྐབས་མི་རྟ་ཟུང་དུ་སྦྲེལ་ཆས་ཤིག་ཡིན་པས་རྟའི་སྒལ་པར་སྲུང་སྐྱོབ་ཐུབ་ལ་སྟེང་གི་མི་ཡང་ཧ་ཅང་བདེ་པོ་ཡོང་གི་ཡོད།ཡུན་རིང་གི་ལོ་རྒྱུས་ནང་རྟ་སྒའི་རིག་གནས་ཤུགས་ཆེན་དར་བས་རྒྱུ་ཆ་དང་བཟོ་ལྟ་སྣ་ཚོགས་པའི་རྟ་སྒ་མང་པོ་ཐོན་ནས་གསེར་སྒ་དང་།དངུལ་སྒ།ལྕགས་སྒ།ཀོ་སྒ།སྦལ་སྒ་བཅས་མང་པོ་ཐོན་ཡོད་ལ་རྒྱན་རིས་ཀྱང་སྣ་ཚོགས་རྒྱག་སྲོལ་དར་ཡོད།སྒའི་རྣམ་གྲངས་དེ་དག་གིས་བདག་པོའི་ཐོབ་ཐང་གསལ་པོ་མཚོན་ཐུབ་པ་ཞིག་ཡིན། 

        དེ་གར་ཤིང་གི་སྒ་བཟོ་སྟངས་ཀྱི་དཔེ་མཚོན་ཙམ་ཞིག་སྨྲོས་ན་རྫ་ཡུལ་ནི་ཤིང་སྒ་སྤུས་དག་ཐོན་ཡུལ་ཞིག་ཡིན་ཞིང་།དེ་ཡང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000མན་དུ་སྐྱེས་པའི་ལག་ཁྲ་ཤིང་ཞེས་པ་དེར་འོད་མདངས་ལྡན་ལ་ཁྲ་ཡང་ལེགས་པོ་ཡོད་པས་སྒའི་རྒྱུ་ཆ་ལེགས་པོ་ཞིག་ཡིན།དང་ཐོག་དཀའ་སྡུག་ལ་མ་འཛེམས་པར་ཤིང་དེ་རག་པ་བྱས་རྗེས་ཆུའི་ནང་དུས་ཡུན་གང་ཙམ་སྦངས་རྗེས་གཟུགས་ཚད་རན་པའི་མི་དར་མ་ཞིག་གི་བྲང་ཁོག་སྟོད་ལ་སྒའི་ཕྱི་རུ་འཇལ་བ་དང་།ཁོག་སྨད་དུ་སྒའི་སྔ་རུ་འཇལ་དགོས།དེའི་རྒྱུ་མཚན་ནི་མིའི་བྲང་སྟོད་རྒྱ་ཆེ་བ་དང་བྲང་སྨད་རྒྱ་ཆུང་ཞིང་།རྟ་སོགས་ཀྱི་སྒལ་པའི་སྟོད་རྒྱ་ཆུང་བ་དང་སྨད་དུ་རྒྱ་ཆེ་བས་དེ་ལྟར་བྱས་ན་བདེ་པོ་ཡོད་ལ་སྒལ་རྨ་མི་ཐོན་པའི་ཁྱད་པར་ཡོད།ཆིབས་སྒ་ཞིག་བཟོ་བར་སྒ་མཁན་ཚད་མ་ཞིག་གིས་རྒྱུ་ཆ་འཚོལ་བ་ནས་སྒ་མ་གྲུབ་བར་ཉིན་གསུམ་ཙམ་འགོར་གྱི་ཡོད་ལ་ལས་རིམ་རྙོག་འཛིང་ཆེ་བས་སྟ་རེ་དང་།གཟོང་།གཅུས་འབིབས་སོགས་ལག་ཆ་ཁག་བརྒྱད་ཙམ་དགོས་ཀྱི་ཡོད།དེ་རྗེས་སྒ་སྔ་རུ་དང་ཕྱི་རུའི་སྒ་ཤོག་ལ་ཁུང་བུ་ཕུབ་རྒྱུ་དང་འཇམ་ཤ་འདོན་རྒྱུ་སོགས་ཀྱི་ལས་རིམ་རྣམས་སྒྲུབ་དགོས། 


        གསེར་སྒ་བཟོ་སྐབས་ལྕགས་ལེབ་མོ་སོར་གང་ཙམ་ཞིག་གིས་ཆིབས་སྒའི་སྔ་རུ་དང་ཕྱི་རུར་མཐའ་ཤན་བཏང་བའི་ཐོག་གསེར་བྱུགས་པའམ་གསེར་ཚག་བརྒྱབ་པར་གསེར་སྒ་ཞེས་འབོད་པ་དང་།ལྕགས་སྲབ་ལེབ་མོར་གོང་ལྟར་དངུལ་རྩི་བྱུགས་པའམ་དངུལ་ཚག་བརྒྱབ་པ་དང་ཡང་ན་དངུལ་སྲབ་ལེབ་མོ་སྦྱར་བའམ་ཤན་བཏང་ན་དངུལ་སྒ་ཞེས་འབོད་པ་དང་དེ་མིན་གྱི་ཆིབས་སྒ་རྣམས་ཀྱང་མཐའ་ཤན་བཏང་བ་ཙམ་ཡིན་ལ་སྦལ་སྒ་ནི་དབྱིབས་ཀྱི་སྒོ་ནས་བཏགས་པ་ཡོད་ལ་སྦལ་པའི་པགས་པས་མཐའ་ཤན་བཏང་བའང་ཡོད་པར་གྲགས། 

        ཡོབ་ནི་སྲབ་དང་སྲབ་མདའི་རྗེས་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་ཅིང་།ཡོབ་མེད་པའི་དུས་རབས་སུ་མི་རྣམས་ཀྱིས་སྲབ་མདའ་དང་རྟ་གཟེ་ནས་བཟུང་སྟེ་རྐང་པ་གཉིས་རྟའི་གྲོད་པར་དམ་པོར་བཀར་ནས་མི་ལྷུང་བ་བྱེད་ཀྱི་ཡོད།འོན་ཀྱང་དེ་ལྟར་བྱས་ན་དཀའ་ལས་ཁག་སླ་བ་དང་།བདེ་འཇགས་མེད་པ།མདའ་མདུང་སོགས་སྤྱོད་དཀའ་བས་རྟ་སྒ་དང་ཡོབ་ཀྱི་གསར་གཏོད་བྱུང་བ་ཞིག་ཡིན། 

    རང་རྒྱལ་གྱི་ཡོབ་སྔ་ཤོས་ནི་ཝེ་ཅིན་གྱི་དུས་སུ་དར་བར་ངོས་འཛིན་པ་དང་།བོད་དུ་ཡོབ་ག་དུས་དར་མིན་གསལ་པོ་མེད་རུང་ད་ལྟ་ཉར་ཚགས་བྱས་པའི་གསེར་ཚག་དངུལ་ཚག་བརྒྱབ་པ་དང་འབྲུག་རིས་ཅན་གྱི་ནར་མོ་དང་།ཕྱེད་སྒོར་དབྱིབས།ཚག་དཀྲོལ་བརྒྱབ་པའི་ཡོན་དང་།མིང་།ཆིང་དུས་ཀྱི་ཡོབ་དེ་དག་ལ་ལྟ་སྐབས་བོད་དུ་ཡོབ་བེད་སྤྱོད་བྱས་ནས་ལོ་རྒྱུས་ཡུན་རིང་སོང་བ་དང་ཡོབ་བཟོ་བའི་ལག་རྩལ་ཡང་མཐོ་པོ་ཡོད་པ་ཤེས་ཐུབ། 
        
རྟའི་སྲབ་དང་སྲབ་མདའ་ནི་ཁ་ལོ་སྒྱུར་བྱེད་གཙོ་བོ་དེ་ཡིན་ལ་རྟ་ཆས་ཀྱི་ཁྲོད་ནས་དར་སྔ་ཤོས་དང་གནས་བབ་གལ་ཆེན་བཟུང་ཡོད།དེ་དང་འདྲ་བར་ཡུ་བ་ཕལ་ཆེ་བ་ཤིང་ལས་གྲུབ་པ་དང་འབྲེང་པ་སོགས་སྣ་ཚོགས་ལས་གྲུབ་པའི་རྟ་ལྕག་ནི་རྟ་ལ་བཀོད་པ་གཏོང་ཆེད་གཙོ་བོ་དེ་ཡིན་པས་རྟ་ལྕག་ལག་ཏུ་བཟུང་ཕྱིན་རྟ་ལ་ཁ་ལོ་སྒྱུར་ཐུབ་པ་མ་ཟད།མི་གོ་བ་ཅན་ལ་ཚིག་གཅིག་དང་རྟ་གོ་བ་ཅན་ལ་ལྕག་གཅིག་ཅེས་གོམ་འགྲོས་མགྱོགས་སུ་གཏོང་དགོས་ན་ལྕག་ཚན་ཅུང་ཟད་བརྒྱབ་ན་ལམ་སེང་གོ་བ་ལོན་ནས་མགྱོགས་སུ་གཏོང་གི་ཡོད། 
        
དེ་མིན་ལིང་ཤང་དང་།བལ་བསྟན།གོང་རྨེད།མཐུར་མགོ་སོགས་རྟ་ཆས་ཀྱི་ལེ་ལག་མང་པོ་ཡོད་པ་དེ་དག་ལ་ལ་རྟ་ཆས་རྣམས་བརྟན་པོར་གནས་ཆེད་ཡིན་པ་དང་།ལ་ལ་ནི་རྟ་ལ་འཇམ་ཁྱད་དང་མི་ལ་མཛེས་ཁྱད་ཙམ་ཡིན།མདོར་ན་རྟ་ཆས་ཀྱི་རྣམ་གྲངས་ནི་དེང་གི་མི་ཚོའི་བློ་ལ་མི་གཤོང་བ་ལྟ་བུའི་བརྗོད་ལས་འདས་པ་ཞིག་ཡོད། 
                                                                                                                                                       (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།