ཞི་ཅིན་ཕིང་གིས་འབར་མའི་ཙུང་ཐུང་ཝུའུ་ཐིང་ཅུའེ་དང་གྲོས་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

1491972107778488.jpg


ཟླ་4ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་འབར་མའི་ཙུང་ཐུང་ཝུའུ་ཐིང་ཅུའེ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་ངོས་ཐང་ཆེན་དུ་ཝུའུ་ཐིང་ཅུའེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་འབར་མའི་ཙུང་ཐུང་ཝུའུ་ཐིང་ཅུའེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྐྱིད་སྡུག་མཉམ་མྱོང་གི་ཕུལ་བྱུང་སྲོལ་རྒྱུན་མཐའ་འཁྱོངས་བྱེད་པ་དང་། ཕན་ཚུན་བརྩི་བཀུར་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་གོ་དང་འབར་མའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་འབར་མ་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ་སོ་སོའི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་པ་དང་། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱེད་དགོས་ཤིང་། འབར་མ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་དེའི་ནང་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། འབར་མ་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཉོ་ཚོང་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ། ཞིང་ལས། ཆུ་བེད། གློག་ཤུགས། དངུལ་རྩ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། ཅའོ་ཕེའོ་དཔལ་འབྱོར་དམིགས་བསལ་ཁུལ་སོགས་ཕྱོགས་གཉིས་པོའི་གཙོ་གནད་མཉམ་ལས་དང་དེའི་འབྲེལ་ཡོད་ཀྱི་ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་ཤར་གཏོང་ཐུབ་པའི་རྣམ་གྲངས་གང་མགྱོགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོ་དང་འབར་མའི་མཉམ་ལས་དེ་སླད་ཕྱིན་སློབ་གསོ་དང་གྲོང་གསེབ་འཕེལ་རྒྱས་སོགས་འབར་མའི་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་ནས་གཟིགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཀྱང་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་གནས་དང་། སློབ་གསོ། གཞོན་ནུ། འཕྲོད་བསྟེན། ཡུལ་སྐོར། སྨྱན་སྦྱོར། ཆོས་ལུགས་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དམངས་འདོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་ཤར་མའི་མཉམ་ལས། རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་པོའི་ཐད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ། ཀྲུང་གོ་ཕྱོགས་ཀྱིས་འབར་མས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པར་བརྩི་འཇོག་བྱ་རྒྱུ་ཡིན་ལ། འབར་མ་ཕྱོགས་ལ་རྒྱལ་ནང་གི་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་འབར་མ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འབར་མའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

གྲོས་མོལ་གནང་སྒྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལག་རྩལ་དང་། སྨན་བཅོས། ལུས་རྩལ། འགྲིམ་འགྲུལ། ནགས་ལས། རིག་དངོས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིག་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།