དཔྱིད་གསར་དུས་ཆེན་གྱི་ལག་རྟགས་ཁྲོམ་རར་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་བྲིན་ཆེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་བར་སྐབས་སུ།གཉེན་ཉེ་དང་གྲོགས་པོའི་བར་ཕན་ཚུན་འཚམས་འདྲི་ཞུ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་གོམས་སྲོལ་ཞིག་ཡིན་ཞིང་།དེར་བརྟེན་ནས་དུས་ཆེན་གྱི་ལག་རྟགས་ཁྲོམ་ར་ཆགས་པ་རེད།གསར་འགྱུར་བས་རང་འདེམས་ཚོང་ར་ཆེན་མོ་ཁག་ལ་མཐོང་དོན།བདེ་ཆེན་ཁུལ་གྱི་རིགས་འདྲ་མིན་སྣ་ཚོགས་ཀྱི་ཁྱད་ལྡན་ཐོན་རྫས་ལ་སྤུས་ཀ་ལེགས་ཤིང་གོང་ཚད་རན་པོ་ཡོད་རྐྱེན།འཛད་སྤྱོད་པ་རྣམས་ཀྱི་དགའ་བསུ་ཐོབ་ཡོད་པས།ཁྲོམ་རར་བྲིན་ཆེ་བའི་ཐོན་རྫས་སུ་གྱུར་ཡོད།
    ཀྲང་རུའེ་ལགས་ནི་ཁུལ་གཏོགས་བྱ་གཞག་སྡེ་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་ཅིང་།དཔྱིད་གསར་དུས་ཆེན་བར་སྐབས་སུ།ཁུན་མིང་དུ་ལོག་སྟེ་གཉེན་ཉེ་ལ་བཅར་འཕྲད་དུ་འགྲོ་རྩིས་ཡོད།ཁོང་གིས་ཁྱིམ་ལ་ཕྱིར་ལོག་སྟེ་གཉེན་ཉེ་ལ་བཅར་འདྲི་བྱེད་དུས་བདེ་ཆེན་ནས་ཐོན་པའི་ཁྱད་ལྡན་ཐོན་རྫས་ཁྱེར་ཡོང་ན་བརྩེ་དུང་དེ་བས་མཚོན་ཐུབ་པ་རེད།ད་ལྟ་རང་ཁུལ་ལ་ཁྱད་ལྡན་སྤུས་རྟགས་ཐོན་རྫས་འབོར་ཚོ་ཞིག་ཡོད་དེ།དཔེར་ན།སེམས་ཀྱི་ཉི་ཟླའི་ཆང་དམར་དང་།བདེ་ཆེན་རྫོང་དང་འབའ་ལུང་རྫོང་གི་འཁྱགས་ཆང་།ཉི་ཤར་གྱི་ཡུལ་བྱའི་སྒོ་ང་དང་།ནས་ལས་སྣོན་བྱས་པའི་རིགས་འདྲ་མིན་སྣ་ཚོགས་ཀྱི་བཟའ་བཅའ་སོགས་ལྟ་བུ།དེ་དག་ནི་བདེ་འཇགས་ཡིན་ཞིང་སྤུས་ཀ་ལེགས་པ་དང་གོང་ཚད་ཀྱང་རན་པོ་ཡིན་པས།ཡུལ་མི་དཀྱུས་མ་ཡིས་ཀྱང་འཛད་སྤྱོད་ཐུབ་པ་རེད་ཅེས་བཤད།
    རང་ཁུལ་གྱི་མང་ཚོགས་ཀྱིས་དགའ་བསུ་བྱས་ཡོད་པ་ལས་གཞན།ཁྱད་ལྡན་ཐོན་རྫས་དེ་དག་ད་དུང་ཁུལ་ཕྱི་རུ་བྲིན་འཚོང་བྱེད་འགོ་ཚུགས་ཡོད།ས་དམ་གྱི་ཨོར་མ་རང་འདེམས་ཚོང་ར་ཆེན་མོ་ནི་རང་ས་གནས་ཀྱི་ཚོང་ར་ཆེས་ཆེ་བ་ཞིག་ཡིན།དཔྱིད་གསར་དུས་ཆེན་བར་སྐབས་སུ།དེར་དངོས་རྫས་ཉོ་ཡོང་བའི་འགྲུལ་པ་སྔ་ལྟར་མང་པོ་འདུག    ཆང་རིགས་ཆེད་སྒྲོམ་གྱི་མདུན་དུ།གསར་འགྱུར་བས་ཤེས་རྟོགས་བྱུང་དོན།ཆང་དམར་རིགས་ཀྱི་ཕྱིར་འཚོང་ཚད་ནི་ཆེན་མོ་ཡོད་དེ།ཁོང་ཚོས་ཕྱིར་འཚོང་ཆེས་མང་བའི་དངོས་རྫས་ཀྱི་ཁྲོད་དུ།བདེ་ཆེན་ནས་ཡོང་བའི་ཆང་དམར་ཡོད་པ་མ་ཟད།དངོས་རྫས་འགའ་ཤས་ནི་ད་དུང་ཡོངས་རྫོགས་བཙོངས་ཚར་སྟབས།དཔྱིད་གསར་དུས་ཆེན་འགོར་རྗེས་ད་གཟོད་གསར་སྣོན་བྱེད་ཐུབ་རྒྱུ་རེད།ས་དམ་གྱི་འགྲུལ་པ་ཞིག་གིས་དེ་སྔོན་ངས་ཆང་དམར་འཐུང་དུས་ཁྲང་ཁྲེང་ཀང་ཧུང་ཆང་དམར་འཐུང་བར་དགའ་པོ་ཡོད།འོན་ཀྱང་།སེམས་ཀྱི་ཉི་ཟླའི་ཆང་དམར་འཐུང་རྗེས།བྲོ་བ་ཞིམ་པོ་ཡོད་རྐྱེན།དཔྱིད་གསར་དུས་ཆེན་བར་སྐབས་སུ།དམ་བི་འགའ་ཉོས་ནས་གྲོགས་པོ་ལ་སྐྱེལ་རྒྱུ་ཡིན་ཞེས་བཤད་པ་རེད།
   “ལོ་ལྔ་ཚན་བཅུ་གསུམ་པའི”བར་སྐབས་སུ།རང་ཁུལ་གྱིས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཆེན་མོ་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་ཁུལ་སྤེལ་བའི་དམིགས་ཡུལ་བཙུགས་ཡོད།རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་མོ་བྱས་འོག    མ་འོངས་པར་བདེ་ཆེན་གྱིས་བཟོས་པའི་དེ་བས་མང་བའི་ཐོན་རྫས་ཀྱིས་ང་ཚོའི་གསོལ་ལྕོག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་ཞིང་སྐྱིད་པོར་འགྱུར་ངེས་རེད།   (བསོད་ནམས་ཆོས་ལྡན་གྱིས་བསྒྱུར།)