རང་ཁུལ་གྱིས“རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི”འཕེལ་རྒྱས་ཐབས་ཇུས་ལག་བསྟར་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   དགུན་ཉི་ལྡོག་པའི་དུས་ཆེན་གྱི་ས་སྲོད་ལ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཕྱིའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ལ་སླེབས་ཡོད། ན་ནིང་རྡོ་མཁར་གནའ་གྲོང་ལ་མེ་སྐྱོན་བྱུང་བའི་རྐྱེན་གྱིས་མཐའ་འཁོར་གྱི་ཁྲོམ་གཞུང་ཚང་མ་ཐལ་བར་གྱུར་ནས་དེ་སྔའི་འཁྲུག་ཆ་དོད་པའི་ཐང་ཆེན་དེ་དུས་ཡུན་རིང་པོར་འཇམ་ཐིང་ངེར་ལུས། 2015ལོའི་ཟླ་10པའི་བར་རྡོ་མཁར་གནའ་གྲོང་གི་སླར་གསོ་བསྐྱར་སྐྲུན་དེ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད། བསྐྱར་སྐྲུན་བྱས་ཟིན་པའི་རྡོ་མཁར་གནའ་གྲོང་གྱི་བཀྲག་མདངས་སླར་ཡང་འཚེར་ཞིང་། ཁུལ་རིག་གནས་སྡེ་ཚན་གྱིས་བསྒྲིགས་པའི་ཐང་ཆེན་ཞབས་བྲོ་7དེ་བདེ་ཆེན་གྱི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།

       རང་ཁུལ་གྱིས“རིག་གནས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི”འཕེལ་རྒྱས་ཐབས་ཇུས་གཞིར་བཟུང་།  མི་རིགས་ཀྱི་སྐད་དང་ཡི་གེའི་སྤྱི་པའི་ཞབས་ཞུའི་མ་ལག་སྟེགས་བུ་སྐྲུན་ཤུགས་ཆེ་རུ་བཏང་ཞིང་། ཁུལ་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱིས་ཆེད་མངགས་བོད་སྐད་རླུང་འཕྲིན་གྱི་འཕྲིན་ལམ་དང་བོད་སྐད་བརྙན་འཕྲིན་གྱི་འཕྲིན་ལམ་བཙུགས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི་གསར་འགྱུར་ལེ་ཚན་ཡིག་སྒྱུར་བྱས་པ་ཕུད། ས་གནས་དེ་གའི་ཡུལ་སྐད་སྤྱད་དེ་བཟོས་པའི་ལེ་ཚན་ཉིན་རེར་ཆུ་ཚོད་3ཡན་གཏོང་ཡོད། 《བདེ་ཆེན་བོད་ཡིག་ཚགས་པར་》གྱིས་དུས་ཐེངས་རེར་ཚགས་པར་5000པར་བརྒྱབ་ནས་རིན་མི་དགོས་པར་དགོན་སྡེ་དང་། ལས་ཁུངས། སློབ་གྲྭ་དེ་བཞིན་གྲོང་གསེབ་བཅས་ལ་སྐྱེལ་བ་མ་ཟད། ད་དུང་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་བཙུགས་ཡོད།མིག་སྔར་ཡོ་རོབ་དང་། རྒྱ་གར། ནེ་པ་ལ་སོགས་ས་ཆའི་དྲ་དམངས་མང་པོ་ཡོད།  2015ལོར་བོད་ཡིག་གི་ལག་ཐོགས་ཁ་པར་ཚགས་པར་དང་བདེ་ཆེན་བོད་ཡིག་སྨྱན་བྱད་ཀྱི་འཕྲིན་ཆུང་སྟེགས་བུ་བཙུགས་པ་རེད།     2015ལོའི་ལོ་མཇུག་ཏུ། རང་ཁུལ་གྱི་སྲིད་འཛིན་གྲོང་ཚོ་(གྲོང་ལྷན)188དང་70%ཡི་གྲོང་མིའི་ཚོགས་ཆུང་གིས་རིག་གནས་བྱེད་སྒོ་སྤེལ་ཡུལ་དང་། ཞིང་པའི་དཔེ་དེབ་ཁང་201དང་སྲུང་སྐར་གྲངས་འཛིན་དཔེ་དེབ་ཁང་600དང་ལས་ཞོར་རིག་གནས་འཁྲབ་སྟོན་རུ་ཁག་300ལྷག་ཙམ་བཙུགས་ཡོད། 2015ལོའི་ཟླ་11པའི་བར། རང་ཁུལ་གྱིས་ཁུལ་ཡོངས་སུ“གྲོང་ཚོ་གཅིག་ལ་ཟླ་རེར་གློག་བརྙན་ཐེངས་རེ་བསྟན་རྒྱུ་” སྒྲིག་འཛུགས་བྱས་པས་བསྡོམས་རྩིས་ལྟར་ན་གློག་བརྙན་ཐེངས་2474བསྟན་པ་དང་ལྟད་མོ་བ་མི་ཐེངས་ཁྲི་28ཟིན་ཡོད།
      གྲོང་གསེབ་གཅིག་པུ་མིན་པར། རང་ཁུལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་གྲྭ་བཙུན་ཚོ་ལ་རིག་གནས་དམངས་ཕན་གྱི་དྲོ་སྐྱིད་མྱོང་དུ་བཅུག་པ་རེད།  2013ལོར་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་དེབ་ཁང་24ཚང་མ་བསྐྲུན་ཟིན་པ་དང་།དེའི་ནང་བོད་ཡིག་དཔེ་དེབ་སྣ་ཁ་8804དང་དེབ་གྲངས་12816ཡོད་པ་རེད།